༈ དཔལ་འཁོར་ལོ་སྡོམ་པའི་སྒྲུབ་མཆོད།
གསང་སྔགས་རིག་པ་འཛིན་པའི་སྡེ་ཆེན་པོ་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་ར་མོ་ཆེ་བདེ་མཆོག་ཆོས་ཐོག་སྐབས་མ་རྒྱུད་འཁོར་ལོ་སྡོམ་པའི་སྒྲུབ་མཆོད་ཆེན་མོ་འཚོགས་ཀྱི་ཡོད། དེ་ཡང་རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། དེ་ནས་དཔའ་བོ་ཕྱག་རྡོར་སོགས།། དཔའ་བོ་ཐམས་ཅད་ལངས་ནས་ནི།། མཆོད་བསྟོད་ཕྱག་སོགས་སྔོན་འགྲོ་བས།། དཀྱིལ་འཁོར་བདག་པོ་ལ་ནི་ཞུས།། ཞེས་གསུངས་པ་ལྟར་རྒྱུད་གསུང་བ་པོ་རྡོ་རྗེ་འཆང་དང་། རྒྱུད་སྡུད་པ་པོ་དཔལ་ཕྱག་ན་རྡོ་རྗེ། དེ་ནས་དཔལ་ལྡན་ས་ར་ཧ་པ། དཔལ་མགོན་འཕགས་པ་ཀླུ་སྒྲུབ། གྲུབ་ཆེན་ཤ་ཝ་རི་པ། གྲུབ་ཆེན་ལཱུ་ཨི་པ་བཅས་ནས་བརྒྱུད་པ། རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པའི་རྩ་རྒྱུད་ལེའུ་ང་གཅིག་པའི་བདག་ཉིད་ཅན་གྱི་འགྲེལ་པ།