༼རྗེའི་རྣམ་ཐར་དད་པའི་འཇུག་ངོགས་དཔེ་བསྡུར་མཆན་སྦྱར་མ་༽
༼ རྗེ་ཙོང་ཁ་པའི་རྣམ་ཐར་དད་པའི་འཇུག་ངོགས་དཔེ་བསྡུར་མཆན་སྦྱར་མ་༽ ཞེས་པའི་དཔེ་དེབ་འདི་ནི་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་འོད་གསལ་ཆོས་སྐུ་མངོན་དུ་མཛད་དེ་(༡༤༡༩-༢༠༡༩)མི་ལོ་ཧྲིལ་བོ་དྲུག་བརྒྱ་འཁོར་བའི་མྱང་འདས་རྗེས་དྲན་དང་འབྲེལ་ཏེ། གསང་ཆེན་རིག་པ་འཛིན་པའི་སྡེ་ཆེན་པོ་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གིས་ཞུ་སྒྲིག་དཔར་སྐྲུན་གནང་ཞིང་། དེ་རིང་དགའ་ལྡན་ལྔ་མཆོད་ཆེན་མོའི་དྲུག་བརྒྱའི་རྗེས་དྲན་གྱི་མཛད་སྒོའི་སྟེང་དངོས་སུ་འགྲེམ་སྤེལ་དབུ་འབྱེད་གནང་ཡོད་པ་རེད། རྣམ་ཐར་འདིའི་མཆན་བུ་འདེབས་པ་བོ་ནི་ལོ་རྒྱུས་སྨྲ་བ་ཆབ་མདོ་ཤེས་རབ་ལགས་ཡིན་ལ། ཁོང་གིས་རྣམ་ཐར་འདིའི་མགོ་མཇུག་བར་གསུམ་གྱི་གལ་ཆེའི་དོན་གྱི་གནད་ལས་ཕྱེས་ཏེ་གཤམ་མཆན་ ༢༦༩ དང་། དཀྱུས་མཆན་ ༦༣ བཅས་ཁྱོན་བསྡོམས་མཆན་བུ་མ་འདྲ་བ་ ༣༣༢ བཏབ་ཡོད་པ་མ་ཟད། དཔེ་མཛོད་ཁང་ནས་ཀྱང་མ་ཕྱི་གྲགས་ཅན་གཙང་དཔར། དབུས་དཔར། སྐུ་འབུམ་དཔར་མ། བླ་བྲང་དཔར་མ་བཅས་དཔར་མ་ཁག་བཞི་ལ་དཔེ་བསྡུར་བྱས་པའི་བསྡུར་མཆན་ཡང་བཀོད་ཡོད་པ་རེད། དེས་ན་རྣམ་ཐར་མཆན་སྦྱར་མ་འདིས་ནི་རྗེ་བླ་མའི་ཐུན་མོང་རྣམ་ཐར་ལ་དོ་སྣང་ཉམས་ཞིབ་བྱེད་མཁན་སྤྱི་དང་། སྒོས་སུ་རྣམ་ཐར་དད་པའི་འཇུག་ངོགས་ཀྱི་ཚིག་དོན་མཐའ་དག་གསལ་བར་རྟོགས་པ་ལ་ཆར་བ་ཆུ་གྲོགས་དང་ཉི་མ་མེ་གྲོགས་ལྟ་བུའི་ནུས་པ་བླ་མེད་དུ་འཐོན་པ་གདོན་མི་ཟའོ་སྙམ།