སྙིགས་དུས་ཀྱི་འགྲོ་བ་རྣམས་ལ་བརྩེ་བའི་དབང་གིས་བསམ་བཞིན་དུ་ངུར་སྨྲིག་གར་གྱི་རྣམ་པར་རོལ་པ་རྒྱུད་ཆེན་རྡོ་རྗེ་འཆང་ཀུན་དགའ་དོན་གྲུབ་དཔལ་བཟང་པོ་མཆོག་ནི། བོད་རབ་བྱུང་བདུན་པའི་ས་མོ་ཕག་གི་ལོ་སྟེ་ཕྱི་ལོ་ ༡༤༡༩ ལོར་གཙང་རྟ་ནག་ཏུ་སྐུ་འཁྲུངས། སྣར་ཐང་དུ་རབ་ཏུ་བྱུང་ནས་སློབ་གཉེར་རྒྱ་ཆེར་མཛད། རྗེ་དགེ་འདུན་གྲུབ་པ་ལས་རྣམ་འགྲེལ་གསན། དགེ་འཕེལ་དུ་རྗེ་ཤེས་རབ་སེང་གེ་ལས་གསང་བ་འདུས་པའི་རྩ་རྒྱུད་བཤད་ལུང་དང༌རིམ་ལྔའི་དམར་ཁྲིད་བཅས་གསན། འབྲས་སྤུངས་སུ་མཁན་ཆེན་དཔལ་བློ་ལས་དབུ་ཕར་འདུལ་མངོན་སོགས་གསན། གཙོ་ཆེར་རྒྱུད་ཆེན་སྦྱིན་པ་དཔལ་བ་ལ་དཔལ་གསང་བ་འདུས་པའི་རྒྱུད་འགྲེལ་མན་ངག་དང་བཅས་པ་ཡོངས་སུ་ཚང་བར་ཞུས་པས་མཁས་པར་གྱུར། རྒྱུད་པ་གྲགས་བཟང་པ་དང༌། ཆོས་རྗེ་བ་སོོ་བ། ཆོས་རྗེ་རབ་འབྱམས་པ། བྱང་རྩེ་ཀུན་དགའ་བཀྲ་ཤིས་རྣམས་ལས་ཀྱང་ཟབ་ཆོས་མང་དུ་གསན། གཞན་ཡང་མཁས་པ་མང་དུ་བསྟེན་ནས་མདོ་རྒྱུད་གཞུང་ལུགས་ཀུན་ལ་གསན་བསམ་མཐར་ཕྱིན་པར་མཛད་དེ་མདོ་རྒྱུད་ཡོངས་སུ་རྫོགས་པའི་མན་ངག་རྒྱ་མཚོའི་མངའ་བདག་ཏུ་གྱུར། དེ་ནས་རྗེ་ཉིད་དགུང་གྲངས་ཞེ་དྲུག་ཏུ་ཕེབས་པ་རབ་བྱུང་བརྒྱད་པའི་ཤིང་ཕོ་སྤྲེལ་གྱི་ལོ་སྟེ། ཕྱི་ལོ་ ༡༤༦༤ ལོར་ཐུབ་བསྟན་སྤྱི་དང༌། ཁྱད་པར་རྗེ་རྒྱལ་བ་གཉིས་པའི་བསྟན་པའི་ཡང་སྙིང་མདོ་སྔགས་ཀྱི་བསྟན་པ་གསེར་སྦྱང་བཙོ་མ་ལྟ་བུ་འདི་ཉིད་སླར་ནས་སླར་སྤེལ་བའི་ཐུགས་བསྐྱེད་ཀྱིས། རྒྱུད་པའི་ནང་རྟེན་ཐུབ་དབང་ཚུལ་ཁྲིམས་མ་དང༌། མགོན་པོ་ཕྱག་དྲུག་པའི་ཞལ་ཐང༌། ནང་མཆོད་ཀ་པཱ་ལ་བཅས་རྟེན་སྐལ་དུ་བསྣམས་ནས་བྱང་རྩེ་ཀུན་དགའ་བཀྲ་ཤིས་ཉེ་གནས་སུ་ཁྲིད་དེ་དབུས་སྟོད་ཕྱོགས་སུ་ཕེབས། ཐོག་མར་ཆུམས་ཕུར་སེ་བ་རོང་གི་བསྒྲུབ་གནས་སུ་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་ནས་ཡུན་རིང་བཞུགས། ཐོག་མར་དཔོན་སློབ་དྲུག་དང༌། དེ་ནས་དཔོན་སློབ་སོ་གཉིས་བྱུང་བ་དཔལ་གསང་བ་འདུས་པའི་ལྷ་གྲངས་དང་མཉམ་པས་རྒྱུད་ཀྱི་འཆད་ཉན་འཕེལ་བའི་རྟེན་འབྲེལ་ལེགས་པར་འགྲིགས། དེ་ནས་དཔོན་སློབ་རྣམས་དབུས་སྟོད་བྱམས་པ་གླིང་དུ་ཕེབས་ནས་གདན་ས་མཛད། རན་ཚ་རབ་ཀྱི་བྱམས་པའི་དྲུང་དུ་སྤྱིར་བསྟན་པ་རྒྱས་པ་དང༌། ཁྱད་པར་རྒྱུད་ཀྱི་རྒྱལ་པོ་ལ་བརྟེན་ནས་གཞན་ཕན་རྒྱ་ཆེན་པོ་འོང་བའི་ཐུགས་འདུན་དྲག་པོས་ལོ་ཁ་ཤས་ལ་སྨོན་ལམ་མཛད་པས་བྱིན་གྱིས་བརླབས་པའི་མཚན་མ་གསལ་བར་བྱུང༌། སེམས་དཔའ་ཆེན་པོ་བློ་གྲོས་རྒྱལ་མཚན་གྱིས་ཀྱང་གཞན་ཕན་རྒྱ་ཆེར་འོང་བའི་ལུང་བསྟན་མཛད། དེ་ལྟར་ལོ་བཅུ་ཙམ་སོང་ནས། སློབ་དཔོན་བཀྲ་ཤིས་རྒྱལ་བ་བྱང་རྩེར་ཕེབས་སྐབས་སློབ་དཔོན་ཤེར་བཟང་པས་ཀླུང་ཤོད་དུ་ཕོ་ཉ་མངགས་ཏེ་རྒྱུད་སྨད་ཀྱི་སློབ་དཔོན་དུ་ཅི་ནས་ཀྱང་འབྱོན་དགོས། ཁོ་བོས་སློབ་དཔོན་སྦྱིན་པ་དང་ཁྱད་མེད་དུ་བཀུར་གསུངས་པས་འབྱོན་པ་ལ་ཐུགས་སྤྲོ་བར་གྱུར་ཀྱང་ཞག་དེ་གའི་དགོང་མོའི་མནལ་ལམ་དུ་བུད་མེད་ཅིག་གིས་ལ་མོ་དང་ཕག་མོ་གཉིས་ཀྱི་བར་དུ་དར་ཚོན་སྣ་ལྔའི་ཡོལ་བ་ཞིག་འཐེན་པ་རྨིས་པས། ཐུགས་འགྱུར་ནས་མི་ཕེབས་པར་ཐག་བཅད། དེ་ལྟར་དངོས་དང་རྨི་ལམ་གྱི་མཚན་མ་དང༌། སྔར་རྡོ་རྗེ་འཛིན་པ་ཤེས་རབ་སེང་གེས་འདི་དོན་བཞིན་ཐུགས་ཉམས་སུ་བཞེས་པའི་སྒོ་ནས་བསྟན་པའི་སྙིང་པོ་དཔལ་གསང་བ་འདུས་པའི་བསྟན་པ་སྤེལ་བའི་རྒྱུད་གྲྭ་སྐྱོངས་ཤིག་ཅེས་ལུང་བསྟན་དབུགས་དབྱུང་དང་བཅས་ཏེ། དགེ་འདུན་གྱི་ཁྲིམས་སུ་བཅའ་བའི་བཅའ་ཡིག་ཀྱང་གནང་ཞིང༌། སེམས་དཔའ་ཆེན་པོས་ལུང་བསྟན་མཛད་པ་མཐའ་དག་དབུས་སྟོད་རང་དུ་རྒྱུད་ཀྱི་འཆད་ཉན་འོང་བའི་ཐོག་ཏུ་བབས་ནས། ཕྱི་ལོ་ ༡༤༧༤ ལོར་རྗེ་ཉིད་དགུང་ལོ་ལྔ་བཅུ་ང་དྲུག་པའི་ཤིང་རྟ་ལོར་རྒྱུད་གྲྭ་འདི་ཉིད་ཕྱག་འདེབས་མཛད་པ་དང་ཆབས་ཅིག་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་བཤད་པ་འཛུགས་པར་མཛད། དེ་ནས་ལོ་རེ་བཞིན་གྲྭ་ཚོགས་ཇེ་ཆེ་དང༌། བཤད་སྒྲུབ་གོང་འཕེལ་དུ་གྱུར་ཏེ་མཁས་གྲུབ་ཆེན་པོ་རྗེ་བཙུན་ཤེས་རབ་སེང་གེ་དང༌། རྒྱུད་ཆེན་སྦྱིན་པ་དཔལ་བ་གཉིས་ཀྱི་རྣམ་ཐར་བཟང་པོ་མ་ཉམས་པར་བཟུང་ནས་དམ་པའི་ཆོས་འདུལ་བའི་དགོངས་དོན་བཞིན་འདུལ་ཁྲིམས་གཙང་ཞིང་རྒྱུད་ཀྱི་འཆད་ཉན་ལོ་བཅུ་གསུམ་གྱི་བར་དུ་བསྐྱངས་པས་མཁའ་ལ་ཉི་ཟླ་བཞིན་དུ་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་ཞེས་ཡོངས་སུ་གྲགས་པ་འདི་བྱུང་བ་ཡིན་ལ། དེ་ནས་བཟུང་ཧོར་ཟླ་བཞི་པ་དང༌། དྲུག་པ། བརྒྱད་པ་གསུམ་གྱི་ཚེས་བཅོ་ལྔ་རྣམས་སུ་གསོ་སྦྱོང་ཆེན་མོ་ཞེས་སྡོམ་པ་གསུམ་གའི་ཉེས་ལྟུང་ཕྱིར་བཅོས་དང་རྒྱུན་ཆགས་གསུམ་པའི་ཕྱག་འཚལ་དུ་རྟ་འདོན་དབྱངས་དང་བཅས་པའི་གསོ་སྦྱོང་རྒྱས་པ་རེ་ཚོགས་ཏེ་གྲུབ་མཚམས་སུ་རྗེ་ཉིད་ཀྱིས་རྟེན་སྐལ་དུ་བཞེས་པའི་ཐུབ་དབང་ཚུལ་ཁྲིམས་མ་དེ་ཉིད་མཁན་པོས་ཕྱག་ཏུ་བསྣམས་ནས་བསླབ་གྲལ་ལྟར་གྲྭ་མང་ཡོངས་རྫོགས་ཀྱིས་མཇལ་ཁ་ཞུ་བའི་ཕྱག་སྲོལ་ད་ལྟའང་ཡོད། ཆུམས་མདའ་གཙུག་ལག་ཁང་དུ་རྒྱུད་ཀྱི་འཆད་ཉན་མཛད་བཞིན་པའི་སྐབས་ཤིག་ལ་རྒྱལ་ས་ལྷ་སར་ཆུ་ཡིས་འཇིག་གྲབས་ཀྱི་ཉེན་ཁ་ཆེན་པོ་བྱུང་བས། སྐྱིད་ཤོད་ནས་ཕོ་ཉ་མངགས་ཏེ་རྒྱུད་ཆེན་ཀུན་དགའ་དོན་གྲུབ་ཉིད་ཆུ་ཟློག་ཏུ་འབྱོན་དགོས་ཀྱི་བཀའ་ཡིག་ཕུལ་བར་ཕོ་ཉ་བ་ཆོས་རྭར་འབྱོར་ནས་བཀའ་ཡིག་ཕུལ་བ་དང་འཆད་ཉན་གྱི་ཚིག་མཚམས། ཆུ་ཡི་སྟེང་དུ་བཅག་པར་བྱ།། ཞེས་གསུངས་པ་དང་དུས་མཉམ་པར་བྱུང་བས་རྟགས་དང་རྟེན་འབྲེལ་ལེགས་པར་འགྲིགས་པས་ཆོས་མཚམས་བཞག་ཅིང་། རྗེ་ཉིད་ནས་དྲུག་ཅུ་མ་ཕྱག་ཏུ་བཞེས་ཏེ་སྐྱིད་ཆུའི་སྟེང་བཞུགས་གདིང་གི་ཐོག་ནས་རྫུ་འཕྲུལ་གྱིས་ལྷ་སར་ཕེབས་ཏེ་གནོད་ཕྱོགས་སུ་དྲུག་ཅུ་མ་གནད་སྨིན་འཕངས་བསྒྱུར་གནང་བས་རྒྱལ་ས་ལྷ་སའི་གྲོང་ཁྱེར་ཆུ་ཡི་འཇིགས་པ་ལས་གྲོལ་བའི་ཕན་ནུས་མངོན་གསལ་ཐོན་པའི་ལེགས་འབུལ་དུ་གཞུང་ས་མཆོག་ནས་རྭ་མོ་ཆེ་རྟེན་དང་བརྟེན་པར་བཅས་པ་རྟེན་སྐལ་དུ་ཕུལ། དེ་ནས་བཟུང་ར་མོ་ཆེ་ལ་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གིས་གདན་ས་མཛད་པ་ཡིན། བར་སྐབས་དུས་འགྱུར་གྱི་དབང་གིས་རྗེ་ཉིད་དབུས་སྟོད་ཕྱོགས་སུ་ཕེབས་དགོངས་གཏད་དེ་ཇོ་བོ་ལ་དབུས་སྟོད་ཕྱོགས་སུ་འབྱོན་དགོས་ཚུལ་ཞུས་པ་དང༌། ཇོ་བོའི་འཁོར་རྒྱལ་ཆེན་སྡེ་བཞི་ལའང་དབུས་སྟོད་དུ་འབྱོན་དགོས་ཀྱི་བཀའ་ཕེབས་པར། ཇོ་བོ་ཕེབས་པའི་ཕྱིར་བཞེངས་གྲབས་བྱས་པས་སྐུ་རྒྱབ་ཏུ་སྐུ་ལུས་ས་ལས་འཕགས་ཏེ། སྐུའི་འཕང་དང་བཞུགས་གདན་བར་ལག་པ་ཕར་ཐལ་ཚུར་ཐལ་བྱེད་ཆོག་པའི་སྟོང་ཆ་ཀུན་གྱིས་མཐོང་དུ་ཡོད། རྒྱལ་ཆེན་རྣམས་ལས། རྣམ་ཐོས་སྲས་ཕེབས་སྒྲིག་ཚུལ་གྱིས་དབུས་སྟོད་བྱམས་པ་གླིང་དུ་ཕེབས་གྲུབ་པ་དང༌། གཉིས་ཕེབས་གྲབས་བྱེད་པ། དུས་འཁྲུག་མ་བྱུང་བར་དེར་བསྐྱོད་ཚང་མས་མཇལ་རྒྱུ་ཡོད་པ་སོགས་རྗེ་འདི་ཉིད་ཀྱི་ངོ་མཚར་བའི་རྣམ་པར་ཐར་པ་དུ་མ་ཀུན་གྱི་མཐོང་ཆོས་སུ་ཡོད། རྗེ་འདི་ཉིད་ཀྱི་གསུང་རྩོམ་གྱི་རིམ་པ་ནི། རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྩ་འགྲེལ་གྱི་ཚིག་དོན་གསལ་བར་འཆད་པའི་མན་ངག་རིམ་གཉིས་གཏེར་མཛོད་ཅེས་བྱ་བ་ལེའུ་ཚན་ལྔར་ཕྱེ་སྟེ་ཤོག་གྲངས་སུམ་བརྒྱ་སྐོར་ཡོད་པ་ད་ལྟར་འཆད་ཉན་བྱེད་བཞིན་པ་དང་། གཞན་ཡང་དཔལ་གསང་བ་འདུས་པའི་བསྐྱེད་རྫོགས་སོགས་ཀྱི་གསུང་རབ་མང་པོ་ཞིག་ཡོད་པར་མ་ཟད། ཉིད་ཀྱི་ཞལ་གདམས་དགེ་འདུན་རྣམས་ཀྱིས་སྤང་བླངས་ཀྱི་ཁྲིམས་སུ་བཅའ་བའི་རིམ་པར་བསྟན་པའི་བཅའ་ཡིག་ཀྱང་བཞུགས།
རྗེ་ཉིད་ཀྱི་ཞལ་སློབ་ནི། རྒྱ་མ་བ་སློབ་དཔོན་ལྷ་དབང་རིན་ཆེན་དང༌། ཆོས་རྗེ་ཡེ་ཤེས་རྩེ་པ། ཡེ་ཤེས་མགོན་པོའི་གྲུབ་ཆེན་བླ་མ་ཕྱག་དྲུག་པ། སློབ་དཔོན་དཔལ་ལྡན་འོད་ཟེར། བཤེས་གཉེན་ངག་དབང་མཆོག་གྲུབ། མེ་ཙར་དཀའ་བཅུ་ཆོས་ཀྱི་རྒྱལ་མཚན། ལྷོ་པ་དཀའ་བཅུ་པ་ཧྲལ་མོར་གྲོགས། དྲུང་གཟིགས་ཆུང་བ་དཀའ་བཅུ་ཀུན་བཟང་། དཀའ་བཅུ་སྦུ་ར་བ་སོགས་མཁས་ཤིང་གྲུབ་པ་བརྙེས་པ་མང་དུ་བྱོན་ཅིང༌། དེ་ལྟར་བསྟན་པའི་བྱ་བ་རྒྱ་ཆེར་མཛད་ནས། ཕྱི་ལོ་ ༡༤༨༦ ལོར། རྗེ་ཉིད་དགུང་ལོ་དྲུག་ཅུ་རེ་བརྒྱད་དུ་ཕེབས་པ་མེ་ཕོ་རྟའི་ལོའི་ཧོར་ཟླ་གཉིས་པའི་ཚེས་དྲུག་ལ་གདན་ས་རྙིང་པ་དབུས་སྟོད་བྱམས་པ་གླིང་དུ་སྐུ་ཞི་དབྱིངས་སུ་གཤེགས། སྐུ་གདུང་ཞུགས་ལ་ཕུལ་པས། ཐུགས་ལྗགས་གཉིས་དང་དབུ་ཐོད་རིང་བསྲེལ་གྱིས་བརྒྱན་པ་བྱོན་པའི་ཐུགས་ལྗགས་གཉིས་ལོ་དེ་ཉིད་ལ་ཉེ་གནས་བྱང་རྩེ་བ་ཀུན་དགའ་བཀྲ་ཤིས་རང་གིས་ཁུར་བླངས་ཏེ་དཔལ་གསང་བ་འདུས་པའི་གསེར་སྐུ་ཁྲུ་གང་བ་ཞིག་བཞེངས་པའི་ནང་གཟུངས་སུ་བཞུགས་སུ་གསོལ་ཞིང༌། བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ཆེ་བའི་སྐུ་དེ་ཉིད་གྲྭ་ཚང་ཆོས་ཐོག་གང་ཕེབས་སུ་གདན་ཞུས་ཀྱིས་འདུ་ཁང་སྦུག་ཏུ་བཞུགས་སུ་གསོལ་བ་དང༌། ཆོས་ཐོག་མ་འཁེལ་པའི་སྐབས་མཁན་རིན་པོ་ཆེའི་གཟིམ་ཤག་ཏུ་བཞུགས་ཤིང༌། དབུ་ཐོད་ནི་ལྷ་རྩེ་དགོན་གསར་དུ་བཞུགས།