ལྷར་བཅས་འགྲོ་བ་ཡོངས་ཀྱི་ལེགས་བྱས་རྒྱ་མཚོའི་སྒོ་འཕར་ཡངས་པོར་འབྱེད་པ། རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་རྒྱས་ཡུན་གནས་ཡོང་ཆེད་དུ་བོད་གངས་ཅན་གྱི་ལྗོངས་འདིར་རྒྱལ་པོའི་རྣམ་པར་ཕེབས་པ་སྲོང་བཙན་སྒམ་པོ་འཇིགས་པ་མེད་པའི་ཁྲི་ཆེན་པོ་ལ་ཞབས་ཟུང་པདྨོའི་རྣམ་པར་བཀོད་དེ་རྒྱལ་བའི་སྲས་པོ་འགྲོ་ལ་རྗེས་སུ་ཆགས་པའི་སྙིང་སྟོབས་དང༌། དཔའ་ཞིང་བརྟུལ་ཕོད་པ། གཞན་གྱིས་ཚད་བཟུང་དང་བྲལ་བའི་སྤྲུལ་བ་སྣ་ཚོགས་སྟོན་པའི་སྙན་གྲགས་ཀྱི་རྔ་བོ་ཆེ་འཛམ་གླིང་ཡངས་པའི་སའི་ཁྱོན་ཐམས་ཅད་དུ་ཁྱབ་པས་རྒྱ་དཀར་ནག་དང༌། སྟག་གཟིགས། གེ་སར་སོགས་རྒྱལ་པོ་ཆེན་པོ་རྣམས་ཀྱིས་གུས་པས་བཏུད་ཅིང་ནོར་གྱི་དཔྱ་ཕུལ། འཕགས་མ་སྒྲོལ་མ་དང་ཁྲོ་གཉེར་ཅན་རྣམ་གཉིས་ཀྱི་སྤྲུལ་བ་བཙུན་མོ་རྣམ་གཉིས་ཀྱི་རྟེན་སྐལ་དུ་ཀུན་མཁྱེན་བུ་རམ་ཤིང་པའི་སྐུའི་སྣང་བརྙན་སོགས་རྟེན་ངོ་མཚར་ཅན་དུ་མ་དང༌། ཀླུའི་དབང་པོའི་བང་མཛོད་ཀྱི་ཁེངས་པ་འཇོམ་པར་ནུས་པའི་སྐྱེས་མཐའ་ཡས་པ་དྲངས་ཏེ། བོད་ཆེན་པོའི་རྒྱལ་ཁམས་ཐམས་ཅད་ཆོས་དང་སྲིད་ཀྱི་འབྱོར་པ་མ་སྨད་པ་དབྱར་གྱི་ཆུ་བོ་བཞིན་དུ་འཕྱུར་པར་གྱུར། དེ་ཡང་ཆུ་མོ་གླང་སྟེ་ཕྱི་ལོ་༦༥༣ ལོར་གནམ་འཁོར་ལོ་རྩིབས་བརྒྱད་དང༌། ས་པདྨ་འདབ་བརྒྱད། ལོགས་བཀྲ་ཤིས་རྟགས་བརྒྱད་སོགས་ས་དཔྱད་ཤིན་ཏུ་ངོ་མཚར་བའི་དགེ་མཚན་ལྡན་པ་སྐྱིད་ཤོད་ལྷ་ལྡན་ཞིང་དུ་ཤཱཀྱའི་རྒྱལ་པོའི་སྣང་བརྙན་གྱི་བཞུགས་གནས་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དང༌། རྒྱས་བཏབ་རྭ་མོ་ཆེའི་གཙུག་ལག་ཁང་ཞེས་ས་གསུམ་ན་ཡོངས་སུ་གྲགས་པའི་གཙུག་ལག་ཁང་གཉིས་ཕྱག་བཏབ།
དེ་ཡང་རྒྱལ་པོའི་དགོངས་པར་ཁ་བ་ཅན་དུ་ཐེག་པ་ཆེན་པོའི་ཆོས་དར་བ་ལ་བཅོམ་ལྡན་འདས་ཀྱི་སྐུ་གཅིག་རྒྱ་གར་དང༌། གཅིག་བལ་ཡུལ་དང༌། གཅིག་རྒྱ་ནག་ཏུ་བཞུགས། སྐུ་དེ་གསུམ་གང་ན་བཞུགས་པའི་ཡུལ་དུ་ཐེག་པ་ཆེན་པོའི་ཆོས་དར་བ་ཡོད་པས་དེ་གསུམ་གང་རུང་ཞིག་ཇི་ལྟར་བྱས་ནས་གདན་འདྲེན་དགོས་དགོངས་ཏེ་ཙན་དན་གྱི་སྐུ་རང་བྱོན་དེ་ལ་གསོལ་བ་བཏབ་པས་དེའི་ཐུགས་ཀ་ནས་འོད་ཟེར་གཉིས་བྱུང་སྟེ། གཅིག་ཤར་དང༌། གཅིག་ནུབ་ཏུ་སོང༌། ནུབ་ཏུ་སོང་བ་དེ་ལ་གཟིགས་པས། ནུབ་ཕྱོགས་བལ་པོའི་ཡུལ་ན་རྒྱལ་པོ་དེ་བ་ལྷ་ཞེས་པ་ལ་སྲས་མོ་ལྷ་གཅིག་ཁྲི་བཙུན་ཡོད་པ་གཟིགས། དེ་སྤྱན་དྲངས་ན་བཅོམ་ལྡན་འདས་དགུང་ལོ་བརྒྱད་པའི་སྐུ་ཚད་དང་ཐེག་པ་ཆེན་པོའི་ཆོས་བོད་དུ་དར་བ་གཟིགས་སོ།།
ཤར་དུ་སོང་བ་དེ་ལ་གཟིགས་པས་ཤར་ཕྱོགས་རྒྱ་ནག་གི་ཡུལ་དུ་རྒྱའི་རྒྱལ་པོ་ལ་སྲས་མོ་ལྷ་གཅིག་ཀོང་ཇོ་ཡོད་པ་གཟིགས། དེ་སྤྱན་དྲངས་ན་བཅོམ་ལྡན་འདས་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་དང་ཐེག་པ་ཆེན་པོའི་ཆོས་དར་བ་གཟིགས་ཏེ་བློན་པོ་མགར་ལ་བཀའ་ཆས་ཤོག་སྒྲོམ་གསུམ་དང་དར་དང་རིན་པོ་ཆེ་ལ་སོགས་པ་དུ་མ་བསྐུར་ཏེ་བལ་ཡུལ་དུ་བཙུན་མོ་གདན་འདྲེན་པར་བརྫངས། དེ་ཡང་ཆོས་འབྱུང་མཁས་པའི་དགའ་སྟོན་ལྟར་ན། ཕྱི་ལོ་ ༦༣༤ ཤིང་ཕོ་རྟའི་ལོར། ལྷ་མོ་ཁྲོ་གཉེར་ཅན་གྱི་རྣམ་རོལ་བལ་བཟའ་ཁྲི་བཙུན་བཙུན་མོར་གདན་དྲངས་པའི་སྐབས། ཡབ་རྒྱལ་པོ་འོད་ཟེར་གོ་ཆའི་ཐུགས་དམ་གྱི་རྟེན་ཁྱད་འཕགས་ཅན་ཇོ་བོ་མི་བསྐྱོད་རྡོ་རྗེ་བཅོམ་ལྡན་འདས་དགུང་ལོ་བརྒྱད་པའི་སྐུ་ཚད་ཅན་དང་། གཞན་ཡང་བྱམས་པ་ཆོས་འཁོར་མ། ཙན་དན་གྱི་སྒྲོལ་མ་རང་བྱོན་བཅས་རྟེན་བྱིན་རླབས་ཅན་གསུམ་པོ་དེ་དག་རྫུ་འཕྲུལ་དང་བཅས་ཏེ་གདན་དྲངས་པ་དང༌། ཕྱི་ལོ་ ༦༣༦ སྟེ་མེ་ཕོ་སྤྲེལ་གྱི་ལོར། ཤར་ཕྱོགས་རྒྱ་ནག་གི་ཡུལ་ནས་སྒྲོལ་མའི་ངོ་བོ་ལྷ་གཅིག་ཀོང་ཇོ་གདན་དྲངས་པའི་སྐབས། ཇོ་བོ་ཤཱཀྱ་མུ་ནེ་བཅོམ་ལྡན་འདས་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་སོགས་རྟེན་སྐལ་དུ་གདན་དྲངས། སྤྱི་ལོ་ ༦༥༣ སྟེ་ཆུ་མོ་གླང་གི་ལོར་འོ་ཐང་གི་མཚོ་བསུབས་ཏེ་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་བཞེངས། དེའི་བྱང་ཕྱོགས་ཀྱི་ཁད་ཉེའི་མཚམས་སུ་རྒྱ་སྟག་ར་མོ་ཆེ་བཞེངས་ཏེ་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དུ་ཇོ་བོ་མི་བསྐྱོད་རྡོ་རྗེ་དང༌། རྒྱས་བཏབ་ར་མོ་ཆེར་ཇོ་བོ་ཤཱཀྱ་མུ་ནེ་བཞུགས་སུ་གསོལ་བར་མཛད།
དེ་ཡང་རང་ཅག་རྣམས་ཀྱི་སྟོན་པ་བླ་ན་མེད་པ་སངས་རྒྱས་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདའ་ཁར་རྒྱལ་བའི་བསྟན་པ་ཡུན་རིང་དུ་གནས་པ་དང༌། མུ་སྟེགས་འདུལ་བའི་ཕྱིར་ཐུབ་པ་ཉིད་ཀྱིས་བཞེངས་པར་འོས་པའི་གནང་བ་སྩལ་བ་ལྟར། ལྷའི་བཟོ་བོ་བི་ཤྭ་ཀརྨས་སྔོན་གྱི་མ་མའི་ངག་བཞིན༌སྟོན་པ་དགུང་ལོ་བརྒྱད་པའི་ཚད་དང་། དགུང་ལོ་བཅུ་གཉིས་པའི་ཚད་བཅས་བཞེངས་། ཐུན་མོང་གི་སྣང་ངོར་འཆར་བ་བཞིན་དགུང་ལོ་ཉེར་ལྔ་པའི་སྐུ་ཚད་དངོས་དང་མཚུངས་པ་བཅས་སྐུ་གསུམ་བཞེངས། སྟོན་པ་བཅོམ་ལྡན་འདས་ཉིད་ཀྱི་ཞལ་ནས་འཕྲོས་པའི་འོད་ཟེར་སྤྲོ་བསྡུས་བྱིན་གྱིས་བརླབས་ཤིང་རབ་ཏུ་གནས་པར་མཛད། ཉེར་ལྔ་པའི་སྐུ་ཚད་ཅན་ལྷ་དབང་བརྒྱ་བྱིན་གྱིས་ལྷ་ཡུལ་དུ་གདན་དྲངས། གཞན་གཉིས་རིམ་གྱིས་ལྷ་ཡུལ་དང༌། ཨོ་རྒྱན་གྱི་ཡུལ། ཀླུ་ཡུལ། རྡོ་རྗེ་གདན་རྣམས་སུ་ལོ་གྲངས་མང་པོར་བཞུགས་ཤིང༌། དེ་ནས་རྒྱ་གར་རྒྱལ་པོ་དེ་བ་པཱ་ལའི་དུས་སུ་དགུང་ལོ་བཅུ་གཉིས་པའི་ཚད་ཅན་དེ་རྒྱ་ནག་དང༌། བརྒྱད་པའི་ཚད་ཅན་དེ་བལ་ཡུལ་དུ་སྤྱན་དྲངས་པ་དང་མཐར་གཉིས་ཀ་བོད་དུ་གདན་དྲངས་པ་ཞིག་ཡིན་པར་གླེང་། བོད་ཀྱི་ཆོས་རྒྱལ་མང་སྲོང་གི་སྐུ་དུས་སུ་རྐྱེན་སྣ་ཚོགས་ལ་བརྟེན་ནས་ཇོ་བོ་ཤཱཀྱ་མུ་ནེ་ར་ས་འཕྲུལ་སྣང་ལ་བཞུགས་སུ་གསོལ་བ་དང་། ཇོ་བོ་མི་བསྐྱོད་རྡོ་རྗེ་རྒྱས་བཏབ་ར་མོ་ཆེའི་ནང་དུ་བཞུགས་སུ་གསོལ། ང་དགུའི་དུས་འགྱུར་གྱི་སྐབས་ཉམས་ཉེས་ཅུང་ཟད་སོང་ན་ཡང་རྗེས་སུ་བཀའ་དྲིན་བླ་ལྷག་ཏུ་ཆེ་བའི་སྣང་མཐའི་ཟློས་གར་ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་པ་མཆོག་གིས་དབུས་པའི་འབྲེལ་ཡོད་རྣམས་ཀྱིས་ཉམས་གསོ་མཛད་དེ་སྔར་གྱི་བཞུགས་གནས་སུ་བཞུགས་སུ་གསོལ་ཡོད།