༼ཁྲི་རབས་བཅོ་ལྔ་བ།༽ པཎ་ཆེན་བསོད་ནམས་གྲགས་པ། འཁྲུངས་ཡུལ་ལྷོ་ཁ་རྩེད་ཐང་། སེར་བྱེས་གྲྭ་ཚང་། ཤར་རྩེ་ནས་ཁྲིར་ཕེབས་ཏེ། ཕྱི་ལོ་ ༡༥༢༩ ནས་ ༡༥༣༥ བར་ལོ་ངོ་བདུན་ལ་ཁྲི་ཁུར་བཞེས། ༸རྒྱལ་དབང་སྐུ་ཕྲེང་གསུམ་པའི་རབ་བྱུང་མཁན་པོ་གནང་། སེར་འབྲས་གཉིས་ཀྱི་ཁྲི་པ་མཛད། བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན་དང་། མཛོད་ཊཱིཀྐ་རྒྱུད་ཊཱིཀྐ་སོགས་གསུང་རྩོམ་མང་། སྐྱོར་མོ་ལུང་དང་ཕག་མོ་ཆོས་སྡེ་སོགས་ཀྱི་ཞལ་འཛིན་མཛད། འབྲས་སྤུངས་གཟིམ་ཁང་སྟོད་དུ་གཏན་བཞུགས་གནང་། སྐྱོར་མོ་ལུང་མངའ་རིས་སྤྲུལ་སྐུའི་སྐུ་ཕྲེང་དུ་འདྲེན། གདུང་རྟེན་འབྲས་སྤུངས་ཚོགས་ཆེན་དུ་བཞུགས།
༼ཁྲི་རབས་བཅུ་བདུན་པ།༽ རྡོ་རྗེ་བཟང་པོ། རབ་བྱུང་བརྒྱད་པའི་ལྕགས་ཕག་སྟེ་ཕྱི་ལོ་ ༡༤༩༡ ལོར་མདོ་སྨད་མི་ཉག་གི་སར་འཁྲུངས་ཏེ་དབུས་སུ་བྱོན་ནས་མཁས་པར་གྱུར། སེ་ར་སྨད་གྲྭ་ཚང་དུ་ཐུགས་གཉེར་མཛད། ཤར་རྩེ་ནས་ཁྲིར་ཕེབས་ཏེ། ཕྱི་ལོ་ ༡༥༣༩ ནས་ ༡༥༤༦ བར་ལོ་ངོ་བརྒྱད་ལ་ཁྲི་ཁུར་བཞེས། དགའ་ལྡན་ཁྲི་ཐོག་ཁང་དུ་ཞིག་གསོ་དང་སྦྲགས་རིན་ཆེན་བྲག་གི་ཞལ་འཛིན་མཛད། རབ་བྱུང་དགུ་པའི་ཤིང་རྟ་ཕྱི་ལོ་ ༡༥༥༤ ལོར་ཐེ་བོ་དང་ལྡན་མ་འཁྲུགས་པའི་བར་ལ་བྱོན་པར་དབུ་ལ་རྡོ་ཕོག་པའི་རྐྱེན་གྱིས་གཤེགས་པར་བཤད།
༼ཁྲི་རབས་བཅུ་དགུ་བ།༽ ངག་དབང་ཆོས་གྲགས། རབ་བྱུང་བརྒྱད་པའི་ལྕགས་བྱ་སྟེ་ཕྱི་ལོ་ ༡༥༠༡ ལོར་སྟོད་ལུང་མདའི་དངོས་གཞིར་འཁྲུངས། མགོན་པོ་ཞལ་བཞི་པའི་སྒོ་ནས་དངོས་གྲུབ་ཐོབ། རྒྱུད་སྟོད་པའི་འཆད་ཉན་དང་ཤར་དུ་ལོ་བཅུ་གཉིས་བཞུགས། ཕྱི་ལོ་ ༡༥༤༨ ནས་༡༥༥༢ བར་ལོ་ངོ་ལྔ་ལ་ཁྲི་ཁུར་བཞེས། དགའ་ལྡན་དངུལ་གདུང་ཁང་གི་རྒྱ་ཕིབས་བཞེངས། དགུང་ལོ་ང་གཅིག་སྟེང་ཞི་བར་གཤེགས། སྐུ་གདུང་ཞུགས་ལ་ཕུལ་བས་ཤྲ་རི་རམ་གདུང་རུས་ལ་འཇིགས་བྱེད་ཀྱི་སྐུ་སོགས་བྱུང་ངོ་།།
༼ཁྲི་རབས་ཉེར་གཅིག་པ།༽ འོལ་ཁ་དགེ་ལེགས་དཔལ་བཟང། རབ་བྱུང་བརྒྱད་པའི་ཤིང་གླང་སྟེ་ཕྱི་ལོ་ ༡༥༠༥ ལོར་འོལ་ཁར་བྱང་སར་དུ་འཁྲུངས། པཎ་ཆེན་བསོད་ནམས་གྲགས་པ་སོགས་བླ་མར་བསྟེན། རྗེ་དགེ་འདུན་རྒྱ་མཚོས་ལམ་རིམ་གྱི་འཕྲིན་ལས་སྤེལ་བའི་བཀའ་བབ། ཤར་རྩེ་ནས་ཁྲིར་ཕེབས་ཏེ། ཕྱི་ལོ་ ༡༥༥༨ ནས་ ༡༥༦༤ བར་ལོ་ངོ་བདུན་ལ་ཁྲི་ཁུར་བཞེས། དགུང་གྲངས་དྲུག་ཅུ་པ་ཤིང་བྱི་ལོར་བདེ་བ་ཅན་དུ་ཟུར་བཞུགས་མཛད་པས་ཁྲི་བདེ་བ་ཅན་པར་གྲགས། རྒྱལ་བ་བསོད་ནམས་རྒྱ་མཚོའི་བསྙེན་རྫོགས་མཁན་པོ་དང་མལ་གྲོ་རིན་ཆེན་གླིང་དང་ཕག་མོ་ཆོས་སྡེའི་ཞལ་འཛིན་མཛད། དགའ་ལྡན་དུ་བྱམས་པའི་གསེར་སྐུ་བཞེངས། དགུང་གྲངས་རེ་གསུམ་པ་རབ་བྱུང་བཅུ་པའི་མེ་ཡོས་ཏེ་ཕྱི་ལོ་ ༡༥༦༧ ལོར་ཞི་བར་གཤེགས།
༼ཁྲི་རབས་ཉེར་གསུམ་པ།༽ ཚེ་བརྟན་རྒྱ་མཚོ། རབ་བྱུང་དགུ་པའི་ལྕགས་འབྲུག་སྟེ་ཕྱི་ལོ་ ༡༥༢༠ ལོར་ལྷོ་ཁ་རྩེད་ཐང་སྲས་དཀྱིལ་དུ་འཁྲུངས། ཤར་རྩེ་ནས་ཁྲིར་ཕེབས་ཏེ། ཕྱི་ལོ་ ༡༥༦༨ ནས་ ༡༥༧༥ ལོ་ངོ་བརྒྱད་ལ་ཁྲི་ཁུར་བཞེས། རྒྱལ་བ་བསོད་ནམས་རྒྱ་མཚོ་སོག་ཡུལ་དུ་ཕེབས་པའི་ཕྱི་ལོར་དགའ་ལྡན་ཁྲི་པ་ལྷ་སའི་སྨོན་ལམ་གྱི་གྲལ་དབུས་སུ་ཕེབས་པའི་སྲོལ་བཏོད། དགུང་གྲངས་ང་བདུན་པ་རབ་བྱུང་བཅུ་པའི་མེ་བྱི་སྟེ་ཕྱི་ལོ་ ༡༥༧༦ ཞི་བར་གཤེགས།
༼ཁྲི་རབས་ཉེར་ལྔ་བ།༽ རྒྱལ་ཁང་རྩེ་པ་དཔལ་འབྱོར་རྒྱ་མཚོ། རབ་བྱུང་དགུ་པའི་མེ་ཁྱི་སྟེ་ཕྱི་ལོ་ ༡༥༢༦ ལོར་སྟོད་ལུང་རན་པར་འཁྲུངས། ཤར་རྩེ་ནས་ཁྲིར་ཕེབས་ཏེ། ཕྱི་ལོ་ ༡༥༨༣ ནས་ ༡༥༨༩ བར་ལོ་ངོ་བརྒྱད་ལ་ཁྲི་ཁུར་བཞེས། རྒྱལ་ཁང་རྩེར་ཟུར་བཞུགས་མཛད་པས་རྒྱལ་ཁང་རྩེ་པར་གྲགས། ར་སྒྲེང་ལ་གནས་གཟིགས་སུ་ཕེབས་དུས་ཀ་གཉིས་མའི་ནང་དུ་ཞབས་ཕྱགས་མ་ཕུད་པར་བྱོན་པར་ཇོ་བོ་འཇམ་དཔལ་རྡོ་རྗེས་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་ཁྱོད་ང་ཡི་དཀྱིལ་འཁོར་ནང་དུ་མཆིལ་ལྷམ་མ་ཕུད་པར་འོང་བ་ཅི་ཡིན་ཞེས་བོས་པར་གྲགས་ཤིང་རྒྱལ་བ་བསོད་ནམས་རྒྱ་མཚོས་ཀྱང་ཁུ་སྟོན་ཡིན་པར་གསུངས། ༸རྒྱལ་མཆོག་བཞི་པར་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོ་དཔལ་བཟང་པོ་ཞེས་པའི་མཚན་གསོལ་མཛད། དགའ་ལྡན་རྒྱ་མཁར་རྩེ་སྤྲུལ་སྐུའི་སྐུ་འཕྲེང་དང་པོ་ཡིན། སྐྱོར་མོ་ལུང་དང་། འབར་ཚགས་སོགས་ཀྱི་ཞལ་འཛིན་མཛད། དགུང་གྲངས་དོན་བཞི་པ་རབ་བྱུང་བཅུ་པའི་ས་ཕག་སྟེ་ཕྱི་ལོ་ ༡༥༩༩ ལོར་ཞི་བར་གཤེགས།
༼ཁྲི་རབས་ཉེར་དགུ་བ།༽ བཤེས་གཉེན་གྲགས་པ། རབ་བྱུང་དགུ་པའི་མེ་རྟ་སྟེ་ཕྱི་ལོ་ ༡༥༤༦ ལོར་མདོ་སྨད་ཅོ་ནེའི་ཟུང་ཆུར་འཁྲུངས། རས་ཆུང་གི་རྣམ་འཕྲུལ་དུ་གྲགས། ཤར་རྩེ་ནས་ཁྲིར་ཕེབས་ཏེ། ཕྱི་ལོ་ ༡༦༠༨ ནས་ ༡༦༡༤ བར་ལོ་ངོ་བརྒྱད་ལ་ཁྲི་ཁུར་བཞེས། དགའ་ལྡན་ལི་མ་ལྷ་ཁང་གསར་བཞེངས་དང་། ལཉྫ་སོགས་ཀྱི་ཡིག་རིགས་ལ་མཁས། དགུང་གྲངས་དོན་གསུམ་པ་རབ་བྱུང་བཅུ་པའི་ས་རྟ་སྟེ་ཕྱི་ལོ་ ༡༦༡༨ ལོར་ཞི་བར་གཤེགས།
༼ཁྲི་རབས་སོ་གཅིག་པ།༽ དམ་ཆོས་དཔལ་འབར། ཁྲི་འཇང་ཞབས་པའང་ཟེར། རབ་བྱུང་དགུ་པའི་མེ་རྟ་སྟེ་ཕྱི་ལོ་ ༡༥༤༦ ལོར་མདོ་སྨད་འཇང་ཞབས་སུ་འཁྲུངས། དབུས་སུ་བྱོན་ནས་བློ་གསལ་གླིང་དུ་མཁས་པར་གྱུར། ངམ་རིངས་སུ་རབ་འབྱམས་པའི་གྲྭ་སྐོར་མཛད། ཤར་རྩེ་ནས་ཁྲིར་ཕེབས་ཏེ། ཕྱི་ལོ་ ༡༦༡༨ ནས་ ༡༦༢༠ བར་ལོ་ངོ་གསུམ་ལ་ཁྲི་ཁུར་བཞེས། དགུང་གྲངས་དོན་ལྔ་བ་རབ་བྱུང་བཅུ་པའི་ལྕགས་སྤྲེལ་ཏེ་ཕྱི་ལོ་ ༡༦༢༠ ལོར་ཞི་བར་གཤེགས།
༼ཁྲི་རབས་སོ་གསུམ་པ།༽ གྲགས་པ་རྒྱ་མཚོ། རབ་བྱུང་དགུ་པའི་ཤིང་ཡོས་ཏེ་ཕྱི་ལོ་ ༡༥༥༥ ལ་གྱེ་རེ་སྟོད་དུ་འཁྲུངས། ངམ་རིངས་སུ་རབ་འབྱམས་པའི་གྲྭ་སྐོར་མཛད་ཅིང་འཇམ་དབྱངས་སྟག་ལུང་གྲགས་པ་སོགས་ཀྱི་ཞབས་ལ་བཏུགས། ཤར་རྩེ་ནས་ཁྲིར་ཕེབས་ཏེ། ཕྱི་ལོ་ ༡༦༢༣ སྟེ་ལོ་ངོ་གཅིག་ལ་ཁྲི་ཁུར་བཞེས། གསང་སྔགས་མཁར་དང་། རི་བོ་བདེ་ཆེན་གྱི་ཁྲི་ལ་ཕེབས། སྤས་རིན་ཆེན་བྲག་སོགས་ཀྱི་ཞལ་འཛིན་མཛད། དགུང་གྲངས་དོན་གསུམ་པ་རབ་བྱུང་བཅུ་གཅིག་པའི་མེ་ཡོས་ཏེ་ཕྱི་ལོ་ ༡༦༢༧ ལོར་ཞི་བར་གཤེགས།
༼ཁྲི་རབས་སོ་ལྔ་བ།༽ གླིང་སྨད་ཞབས་དྲུང་དཀོན་མཆོག་ཆོས་འཕེལ། འདི་བའི་མཚན་གཞན་ལ་འཇམ་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ་ཡང་ཞུ། བོད་རབ་བྱུང་བཅུ་བའི་ཆུ་མོ་བྱ་སྟེ་ཕྱི་ལོ་ ༡༥༧༣ ལོར་ལྷོ་ཁའི་གྲ་ནང་དུ་གདན་ས་བྱམས་པ་གླིང་གི་འདབས་འབྲེལ་དུ་ཆགས་པའི་དགོན་པ་ཞོལ་ཞེས་པར་སྐུ་འཁྲུངས། པཎ་ཆེན་བྱམས་པ་གླིང་བའི་སྐྱེ་བར་གྲགས་ཤིང་། གཞོན་ནུའི་དུས་སུ་འཆད་ཉན་ཤིན་ཏུ་སྨར་བས་ཕྲུ་གུ་རབ་འབྱམས་པར་ཡང་གྲགས། རྩེད་ཐང་དུ་རབ་འབྱམས་པའི་གྲྭ་སྐོར་མཛད། དགུང་ལོ་སུམ་ཅུའི་སྟེང་སྟག་ཚང་རྭ་བ་སྟོད་པའི་ཁྲི་དང་། དགུང་ལོ་སོ་གཅིག་སྟེང་རྭ་བ་སྟོད་སྨད་ཐུན་མོང་གི་ཁྲིར་ཕེབས། དགུང་ལོ་བཞི་བཅུ་བ་ཆུ་ཕོ་བྱི་བའི་ལོ་སྟེ་ཕྱི་ལོ་ ༡༦༡༢ ལོར་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་ཁྲིར་ཕེབས། དགུང་གྲངས་ཞེ་གསུམ་སྟེང་ཆོས་སྡེ་རིན་ཆེན་གླིང་གི་མཁན་པོ་དང་། དགུང་གྲངས་ཞེ་བདུན་སྟེང་རྔོག་ལོ་ཙཱ་བའི་གདན་ས་གསང་ཕུ་ནེའུ་ཐོག་གི་ཁྲི། དགུང་གྲངས་ཞེ་བརྒྱད་སྟེང་གར་མི་གཡུང་དྲུང་ཡོན་ཏན་གྱི་གདན་ས་རྫིང་ཕྱིའི་ཁྲི། དགུང་གྲངས་ང་གཅིག་སྟེང་འབྲས་སྤུངས་བློ་གསལ་གླིང་གི་ཁྲི་བཅས་སུ་རིམ་པར་ཕེབས། དགུང་གྲངས་ང་གསུམ་སྟེང་དགའ་ལྡན་ཤར་གྱི་གདན་ས་དང་། དེའི་ལོ་ཕྱི་མ་སྟེ་དགུང་གྲངས་ང་བཞི་བ་མེ་སྟག་ཕྱི་ལོ་ ༡༦༢༦ ལོར་དགའ་ལྡན་ཁྲི་རབས་སོ་ལྔ་བར་བྱོན་ཅིང་། ལོ་བཅུ་གཉིས་ལ་ཁྲི་ཁུར་བཞེས། ༸རྒྱལ་མཆོག་ལྔ་པ་ཆེན་པོའི་སྐུའི་ཡོངས་འཛིན་གནང་ཞིང་། གཙང་སོག་གི་བར་འདུམ་མཛད་པ་སོགས་ཆོས་སྲིད་གཉིས་ཀར་མཁྱེན་རྒྱ་ཆེ། དགུང་གྲངས་དོན་གསུམ་བཞེས་པ་རབ་བྱུང་བཅུ་གཅིག་པའི་མེ་ཁྱི་སྟེ་ཕྱི་ལོ་ ༡༦༤༦ ཧོར་གསུམ་པའི་ཚེས་གཉིས་ལ་གསང་སྔགས་མཁར་དུ་སྐུ་ཞི་བར་གཤེགས།
༼ཁྲི་རབས་སོ་བདུན་པ།༽ དགེ་འདུན་རིན་ཆེན། མདོ་ཁམས་དང་རྒྱ་ཡི་ས་མཚམས་འཇང་ཞབས་སུ་འཁྲུངས། འཁྲུངས་ལོ་མི་གསལ། སེར་སྨད་སྤོམ་ར་སོགས་སུ་མཁས་པར་སྦྱངས། ཤར་རྩེ་ནས་ཁྲིར་ཕེབས་ཏེ་ཕྱི་ལོ་ ༡༦༤༤ ནས་ལོ་ལྔ་ལ་ཁྲི་ཁུར་བཞེས། མཐར་རབ་བྱུང་བཅུ་གཅིག་པའི་ས་བྱི་སྟེ་ཕྱི་ལོ་ ༡༦༤༨ ལོར་ཁྲི་ཐོག་དེ་ཉིད་དུ་ཞི་བར་གཤེགས།
༼ཁྲི་རབས་སོ་དགུ་བ།༽ དཀོན་མཆོག་ཆོས་བཟང་། རབ་བྱུང་བཅུ་བའི་མེ་ཁྱི་སྟེ་ཕྱི་ལོ་ ༡༥༨༦ ལོར་སྟོད་ལུང་གི་སའི་ཆར་སྐུ་འཁྲུངས། ཆུ་བཟང་དགོན་དུ་ཆོས་སྒོར་ཞུགས་ཤིང་། དབུས་ཀྱི་གདན་ས་ཆེན་པོ་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་དུ་གསན་བསམ་ཚུལ་བཞིན་མཛད་དེ། དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དང་ཤར་རྩེ་བརྒྱུད་དེ་དགའ་ལྡན་ཁྲི་རབས་སོ་དགུ་བར་བྱོན་ཅིང་། ཕྱི་ལོ་ ༡༦༤༨ ནས་ ༡༦༥༤ བར་ལོ་ངོ་བདུན་ལ་ཁྲི་ཁུར་བཞེས། ཁྲི་ལས་ཟུར་རྗེས་སྔ་ཕྱིར་རིན་ཆེན་གླིང་དང་། གསང་སྔགས་མཁར་སོགས་སུ་བསྟན་འགྲོའི་དོན་ཆེན་མང་དུ་མཛད་པའི་མུར་དགུང་གྲངས་གྱ་བདུན་བཞེས་པ་རབ་བྱུང་བཅུ་གཅིག་པའི་ཆུ་གླང་སྟེ་ཕྱི་ལོ་ ༡༦༧༣ ལོར་སྐུ་ཞི་བར་གཤེགས།
༼ཁྲི་རབས་ཞེ་གཅིག་པ།༽ བློ་བཟང་རྒྱལ་མཚན། རབ་བྱུང་བཅུ་བའི་ས་ཕག་སྟེ་ཕྱི་ལོ་ ༡༥༩༩ ལོར་རྩེད་ཐང་དུ་འཁྲུངས། རྭ་སྟོད་སོགས་ནས་མཁས་པར་གྱུར། ཤར་རྩེ་ནས་ཁྲིར་ཕེབས་ཏེ། ཕྱི་ལོ་ ༡༦༥༨ ནས་ ༡༦༦༤ བར་ལོ་ངོ་བདུན་ལ་ཁྲི་ཁུར་བཞེས། ཁྲི་ཟུར་ནས་མལ་གྲོ་རིན་ཆེན་གླིང་དང་རྩེད་ཐང་སོགས་ཞལ་འཛིན་མཛད། དགུང་གྲངས་དོན་གསུམ་པ་རབ་བྱུང་བཅུ་གཅིག་པའི་ཆུ་བྱ་སྟེ་ཕྱི་ལོ་ ༡༦༧༢ ལ་ཞི་བར་གཤེགས།(ཁྲིར་ཕེབས་ལོ་ལ་མི་མཐུན་པ་སྣང་།)
༼ཁྲི་རབས་ཞེ་གསུམ་པ།༽ བྱམས་པ་བཀྲ་ཤིས། ཁྲི་གླིང་ཡག་པ་ཡང་ཟེར། རབ་བྱུང་བཅུ་གཅིག་པའི་ས་རྟ་སྟེ་ཕྱི་ལོ་ ༡༦༡༨ ལོར་ལྷོ་ཁའི་དྭགས་པོ་རྒྱལ་དུ་འཁྲུངས། དྭགས་པོ་གྲྭ་ཚང་དང་རྒྱུད་སྟོད་དུ་བྱོན། ཤར་རྩེེ་ནས་ཁྲིར་ཕེབས་ཏེ། ཕྱི་ལོ་ ༡༦༧༢ ནས་ ༡༦༧༨ བར་ལོ་ངོ་བདུན་ལ་ཁྲི་ཁུར་བཞེས། དགའ་ལྡན་དུ་༸རྒྱལ་དབང་སྐུ་ཕྲེང་ལྔ་པ་ཆེན་པོའི་དངུལ་སྐུ་དང་། ཡངས་པ་ཅན་ལ་གསེར་ཟངས་ཀྱི་གནྫི་ར་བཞེངས། གསང་སྔགས་མཁར་སོགས་ཞལ་འཛིན་མཛད། དགུང་གྲངས་རེ་བདུན་པ་རབ་བྱུང་བཅུ་གཅིག་པའི་ཤིང་བྱི་ལོ་སྟེ་ཕྱི་ལོ་ ༡༦༨༤ ཞི་བར་གཤེགས།(ཁྲིར་ཕེབས་ལོ་ལ་མི་མཐུན་པ་སྣང་།)
༼ཁྲི་རབས་ཞེ་ལྔ་བ།༽ འཇམ་དབྱངས་ཚུལ་ཁྲིམས་དར་རྒྱས། རབ་བྱུང་བཅུ་གཅིག་པའི་ཆུ་སྤྲེལ་ལོར་ཅོ་ནེ་ཞོ་བཟང་དུ་འཁྲུངས། དབུས་ལ་མ་ཕེབས་གོང་སྨད་འདུལ་གྱི་སྡོམ་རྒྱུན་བཞེས། མཚན་ཚུལ་ཁྲིམས་དར་རྒྱས་སུ་བཏགས། སེར་སྨད་གཞུང་པ་དང་རྒྱུད་སྟོད་དུ་མཁས་པར་སྦྱངས། ཤར་རྩེ་ནས་ཁྲིར་ཕེབས་ཏེ། ཕྱི་ལོ་ ༡༦༨༦ ནས་ ༡༦༩༢ བར་ལོ་ངོ་བདུན་ལ་ཁྲི་ཁུར་བཞེས། ཁྲི་སྦྱིན་པ་རྒྱ་མཚོའི་གོང་འོག་ཏུ་གསེར་ཁྲིར་ལན་གཉིས་ཕེབས། སོག་པོ་འཁྲུགས་པའི་ཆིངས་སུ་ཕེབས། ༸རྒྱལ་དབང་སྐུ་ཕྲེང་དྲུག་པའི་ཡོངས་འཛིན་གནང་། འོལ་དགའ་རྫིང་ཕྱི་དང་ཚལ་གུང་ཐང་སོགས་ཀྱི་ཞལ་འཛིན་མཛད། ལྷ་ལྡན་ཚོགས་མཆོད་ཆེན་མོ་གསར་ཚུགས་ཀྱི་ཐོག་མའི་གྲལ་དབུར་ཕེབས། འདས་ལོ་མ་ངེས།(ཁྲིར་ཕེབས་ལོ་ལ་མི་མཐུན་པ་སྣང་།)
༼ཁྲི་རབས་ཞེ་བདུན་པ།༽ བློ་བཟང་ཆོས་འཕེལ། ཁྲི་ཡང་སྟེང་པ་ཡང་ཟེར། མདོ་ཁམས་ཁུལ་འདབས་ཡང་སྟེང་དུ་འཁྲུངས། སེར་སྨད་དང་རྒྱུད་སྟོད་དུ་ཐུགས་གཉེར་མཛད། ཤར་རྩེ་ནས་ཁྲིར་ཕེབས་ཏེ། ཕྱི་ལོ་ ༡༦༩༤ ནས་ ༡༧༠༡ བར་ལོ་ངོ་བདུན་ལ་ཁྲི་ཁུར་བཞེས། མངའ་རིས་མཐོ་ལྡིང་དགོན་པར་རྒྱུད་སྟོད་ཀྱི་ཕྱག་ལེན་རྣམ་དག་གསར་དུ་བཙུགས་པ་དང་། ལ་དྭགས་རྒྱལ་པོ་སོགས་ཀྱི་ཅོད་པཎ་དུ་གྱུར། འཁྲུངས་འདས་ལོ་ཚིགས་མ་ངེས།
༼ཁྲི་རབས་ཞེ་དགུ་བ།༽ བློ་བཟང་དར་རྒྱས། རབ་བྱུང་བཅུ་གཅིག་པའི་ས་ཕག་སྟེ་ཕྱི་ལོ་ ༡༦༥༩ ལོར་ཅོ་ནེ་ཨ་གཟིགས་ཐང་དུ་འཁྲུངས། སེར་སྨད་གཞུང་པ་དང་རྒྱུད་སྟོད་རྣམས་སུ་མཁས་པར་སྦྱངས། ཤར་རྩེ་ནས་ཁྲིར་ཕེབས་ཏེ། ཕྱི་ལོ་ ༡༧༠༧ ནས་ ༡༧༡༢ ལོ་ངོ་དྲུག་ལ་ཁྲི་ཁུར་བཞེས། ༸རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་ཡོངས་འཛིན་དང་། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་༸རྒྱལ་མཆོག་བསྐལ་བཟང་རྒྱ་མཚོར་དགེ་ཚུལ་སྒྲུབ་དུས་སུ་དུས་གོ་བ་མཛད་ཅིང་། ༸རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་མཚན་གྱི་དབུར་བློ་བཟང་ཞེས་བསྣན་པར་མཛད། དགའ་ལྡན་གྱི་ཕྱོགས་མཚམས་སུ་དར་ཆེན་གསར་འཛུགས་དང་། སྤྱི་བསོ་ཁང་གསུམ་ཐོག་རྟ་ར་གཡབ་བསྐོར་དང་བཅས་པ་ཀ་བ་ ༡༨༠ གསར་རྒྱག དགའ་ལྡན་དང་དྭགས་པོ། སེར་སྨད་སོགས་སུ་རྟེན་བཞེངས་འབུལ་སྦྱོར་མཛད། བཀའ་རྩོམ་གྱི་རིགས་པོད་གཉིས་ལ་ཉེ་བ་ཡོད། དྭགས་པོ་སྐུ་ཕྲེང་དང་པོ་ཡིན། དགུང་གྲངས་རེ་བཞི་བ་རབ་བྱུང་བཅུ་གཉིས་པའི་ཆུ་ཡོས་ལོ་སྟེ་ཕྱི་ལོ་ ༡༧༢༣ ལོར་ཞི་བར་གཤེགས།
༼ཁྲི་རབས་ང་གཅིག་པ།༽ རྟ་དབོན་(ཏཱ་དབོན)ངག་དབང་དཔལ་ལྡན་གྲགས་པ། ཧོར་གཙང་ཀོ་ཉིན་ཞེས་པའི་ས་ཡི་ཆར་འཁྲུངས། རྟ་ཚག་ངག་དབང་དཀོན་མཆོག་ཉི་མའི་དྲུང་ལས་རབ་ཏུ་བྱུང་། འབྲས་སྤུངས་སྒོ་མང་དང་རྒྱུད་སྟོད་དུ་གསན་སྦྱངས་མཛད། གནས་ཆུང་ཆོས་སྐྱོང་གིས་འདིར་བསྡད་ན་སུ་ལྭ་རྣའི་ཁྲིར་དབང་ཞེས་ལུང་ཕེབས། ཤར་རྩེ་ནས་ཁྲིར་ཕེབས་ཏེ། ཕྱི་ལོ་ ༡༧༡༩ ནས་ ༡༧༢༥ བར་ལོ་ངོ་བདུན་ལ་ཁྲི་ཁུར་བཞེས། ༸རྒྱལ་མཆོག་བདུན་པ་བསྐལ་བཟང་རྒྱ་མཚོའི་ཡོངས་འཛིན་དང་། བྲག་ཡེར་པར་རྒྱུད་སྟོད་ཀྱི་རྒྱུད་ཁང་གསར་རྒྱག་གནང་། ༸རྒྱལ་མཆོག་གི་བཀའ་ལྟར་མཚོ་སྔོན་དུས་ཟིང་བྱུང་བར་ཆིངས་སྒྲིག་ལེགས་པར་མཛད་དེ་སྐྱེ་འགྲོ་བདེ་ལ་བཀོད། པཎ་ཆེན་བློ་བཟང་ཡེ་ཤེས་ནས་རྒྱལ་མཆོག་བསྙེན་པར་རྫོགས་དུས་ལས་སློབ་ཀྱང་མཛད། རབ་བྱུང་བཅུ་གཉིས་པའི་ས་མོ་བྱ་སྟེ་ཕྱི་ལོ་ ༡༧༢༩ ལོར་ཞི་བར་གཤེགས།
༼ཁྲི་རབས་ང་གསུམ་པ།༽ རྒྱལ་མཚན་སེང་གེ། རབ་བྱུང་བཅུ་གཅིག་པའི་ས་རྟ་སྟེ་ཕྱི་ལོ་ ༡༧༧༨ ལ་མདོ་སྨད་ལྷོ་རྒྱུད་ཀྱི་ཟམ་ཚའི་ཡུལ་དུ་འཁྲུངས། ཀུན་མཁྱེན་འཇམ་བཞད་པའི་དྲུང་ནས་བསྡུས་གྲྭའི་རྩི་བཞག་གསན། འབྲས་སྤུངས་སྒོ་མང་དང་རྒྱུད་སྟོད་དུ་ཐུགས་སྦྱོང་མཛད། ཁྲི་དཔལ་ལྡན་གྲགས་པའི་སློབ་མ་ཡིན། ཤར་རྩེ་ནས་ཁྲིར་ཕེབས་ཏེ། ཕྱི་ལོ་ ༡༧༣༢-༡༧༣༨ བར་ལོ་ངོ་བདུན་ལ་ཁྲི་ཁུར་བཞེས། མདོ་སྨད་དུ་ཕེབས་ཏེ་སྟག་ཚང་ལྷ་མོ་དགའ་ལྡན་བཤད་སྒྲུབ་པད་དཀར་གྲོལ་བའི་གླིང་ཕྱག་བཏབ་པ་དང་། གདན་ས་དགའ་ལྡན་དུ་གསེར་ཞུན་ལས་གྲུབ་པའི་བཀའ་འགྱུར་སོགས་རྟེན་བཞེངས་རྒྱ་ཆེར་མཛད། བཀའ་རྩོམ་ལ་བྱང་ཆུབ་ལམ་རིམ་གྱི་གསུང་རྒྱུན་གཞན་ལས་ཁྱད་འཕགས་ལུང་རིགས་དང་མན་ངག་གོང་པོས་རྒྱན་པ་ཞིག་དང་། གསང་འདུས་རྒྱུད་འགྲེལ་ལེའུ་ལྔ་པ་ཡན་སོགས་ཚིག་སྦྱོར་ཕུལ་དུ་ཕྱིན་པ་བཞུགས། ཆུ་སྤྲེལ་ཟླ་བ་བཅུ་པའི་ཚེས་བདུན་ལ་གཙོས་དགོན་པར་མཚན་ཉིད་བཙུགས། རབ་བྱུང་བཅུ་གསུམ་པའི་མེ་བྱི་སྟེ་ཕྱི་ལོ་ ༡༧༥༦ ལོར་ཞི་བར་གཤེགས།
༼ཁྲི་རབས་ང་ལྔ་བ།༽ ནམ་མཁའ་བཟང་པོ།(བློ་བཟང་དཔལ་ལྡན་ཡང་ཟེར།) རབ་བྱུང་བཅུ་གཉིས་པའི་ས་སྦྲུལ་ཏེ་ཕྱི་ལོ་ ༡༦༨༩ ལོར་མདོ་སྨད་ལྷོ་རྒྱུད་ཀྱི་ཟམ་ཚའི་གདོང་གཟིགས་(རྡོ་གཟུགས།)ཞེས་པར་འཁྲུངས། འབྲས་སྤུངས་སྒོ་མང་གཞུང་པར་ཞུགས། ལུང་རིགས་སྨྲ་བའི་ཁྱུ་མཆོག་ཏུ་གྱུར། སུམ་པ་མཁན་པོ་ཡེ་ཤེས་དཔལ་འབྱོར་གྱི་རྩ་བའི་ཡོངས་འཛིན་གནང་ཞིང་། ལྷ་སར་རབ་འབྱམས་པའི་གྲྭ་སྐོར་མཛད། རྒྱུད་སྟོད་དང་ཤར་རྩེ་བརྒྱུད་ནས་ཁྲིར་ཕེབས་ཏེ། ཕྱི་ལོ་ ༡༧༤༦-༡༧༥༠ བར་ལོ་ངོ་ལྔ་ལ་ཁྲི་ཁུར་བཞེས། བོད་ཀྱི་སྲིད་སྐྱོང་ཝང་དཱ་ལའི་པཱ་ཐུར་གྱིས་ཁོ་རང་གི་སྤུན་མངའ་རིས་གུང་ལ་དྲག་པོའི་ལས་སྦྱོར་མཛད་དེ་ཐལ་བར་བརླག་དགོས་ལུགས་ཞུས་པར་ངེད་དགའ་ལྡན་ཁྲི་པས་མི་གསོད་མི་ཐུབ་ཅེས་ཞལ་བཞེས་མ་མཛད་པའི་རྐྱེན་གྱིས་སྲིད་སྐྱོང་ཁྲོས་ཏེ་གསེར་ཁྲི་ཤར་ཆོས་བློ་བཟང་དྲི་མེད་ལ་གཏད་དེ་བཙན་ལེན་བྱས་པར། ཞབས་གྲས་རྣམས་ཀྱིས་བསྟན་པ་ལ་དགྲ་བྱུང་ན་སངས་རྒྱས་ལ་ར་མདའ་ཟེར་བ་ལྟར། སྲིད་སྐྱོང་ཝང་དྲག་པོའི་ལས་སྦྱོར་གྱིས་བསྒྲལ་དགོས་ལུགས་ཞུས་ཀྱང་ངེད་མི་ཕམ་ཆོས་ཀྱི་མདུན་སར་ཡབ་རྗེ་བློ་བཟང་གྲགས་པའི་དྲུང་དུ་ཆོས་གོས་རྣམ་གསུམ་གྱོན་ནས་འགྲོ་རྒྱུ་ཡིན་དེ་སྐད་མ་ཟེར་གསུངས་ནས་ཞལ་བཞེས་མ་མཛད། དགེ་འདུན་རྣམས་ལ་གསུང་ཆོས་དང་ཐུགས་སྨོན་གྱི་མཚམས་སྦྱར་མཛད་དེ་ངོས་དགའ་ལྡན་གསེར་ཁྲིར་འཁོད་དེ་རྗེ་ཙོང་ཁ་པའི་བསྟན་པ་ལ་བྱ་བ་གང་བྱས་དམ་ཅན་ཆོས་རྒྱལ་ཁྱེད་རང་དཔང་པོ་ཡིན་ནོ་གསུངས། རྗེ་དེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་འཇམ་དབྱངས་ཐང་ཀ་ཕྱག་བྲིས་མ་ཞིག་ཡོད་པ་དགའ་ལྡན་སོག་པ་ཁམས་ཚན་དུ་བཞུགས། དེའི་སྟབས་ཀྱིས་ཁམས་ཚན་དེ་ལ་དགེ་བཤེས་མང་དུ་ཐོན་ཞེས་གྲགས། མཐར་སྒོ་མང་ཐེ་བོ་ཁམས་ཚན་དུ་ཕེབས་ཤིང་། དགུང་གྲངས་རེ་གཅིག་པ་རབ་བྱུང་བཅུ་གསུམ་པའི་ལྕགས་རྟ་སྟེ་ཕྱི་ལོ་ ༡༧༥༠ ལོར་ཞི་བར་གཤེགས། འདི་བའི་སྐུ་ཕྲེང་རྗེས་མ་དག་ལ་ཟམ་ཚ་གསེར་ཁྲི་ཞེས་སུ་གྲགས།
༼ཁྲི་རབས་ང་བདུན་པ།༽ བསམ་གཏན་ཕུན་ཚོགས། རབ་བྱུང་བཅུ་གཉིས་པའི་ཆུ་རྟ་སྟེ་ཕྱི་ལོ་ ༡༧༠༢ ལ་དབུས་སྟོད་ལོ་མདའ་ཕག་མོ་ཞོལ་དུ་འཁྲུངས། འབྲས་སྤུངས་བློ་གསལ་གླིང་དུ་མཁས་པར་སྦྱངས། ཤར་རྩེ་ནས་ཁྲིར་ཕེབས་ཏེ། ཕྱི་ལོ་ ༡༧༥༧-༡༧༦༣ བར་ལོ་ངོ་བདུན་ལ་ཁྲི་ཁུར་བཞེས། ཕག་མོ་ཆོས་སྡེར་༸རྒྱལ་མཆོག་སྐུ་ཕྲེང་བདུན་པའི་དངུལ་སྐུ་གསར་བཞེངས་དང་། རྒྱལ་བའི་དགོངས་རྫོགས་སུ་དེ་གར་རྒྱུན་ཇ་དང་། འབྲས་སྤུངས་བློ་གླིང་དུ་གྲྭ་ཇའི་ཐེབས་སོགས་བཙུགས་པར་མཛད། དགུང་གྲངས་རེ་བརྒྱད་པ་རབ་བྱུང་བཅུ་གསུམ་པའི་ལྕགས་སྟག་སྟེ་ཕྱི་ལོ་ ༡༧༧༠ ལོར་ཞི་བར་གཤེགས།
༼ཁྲི་རབས་ང་དགུ་བ།༽ ཆུ་བཟང་ངག་དབང་ཆོས་གྲགས། རབ་བྱུང་བཅུ་གཉིས་པའི་ས་བྱི་སྟེ་ཕྱི་ལོ་ ༡༧༠༨ ལོར་སྟོད་ལུང་ཆུ་བཟང་དུ་འཁྲུངས། སེར་སྨད་དུ་མཁས་པར་སྦྱངས། ཤར་རྩེ་བརྒྱུད་ནས་ཕྱི་ལོ་༡༧༧༡ ལ་ཁྲིར་ཕེབས། རྗེ་འདི་ཉིད་ནི་རྣམ་ཀུན་ཆོག་ཤེས་ཁོ་ནས་ན་བཟའ་སོགས་ལ་གཟབ་མཆོར་རྒྱས་སྤྲས་རིགས་གཏན་ནས་མི་མཛད་པ་དང་། ལྷག་པར་དགའ་ལྡན་གསེར་ཁྲི་ཆེན་མོར་ཕེབས་པའི་ཉིན་ཡང་སྐུ་འགག་གོས་ཆེན་རྒྱན་དྲུག་སོགས་མ་བཞེངས་པར་སྤ་ཕྲུག་ཇིབས་ཐུམ་ཁོ་ན་དང་། མཆོད་ཞལ་ཡང་སྐྱ་ཕོར་དགེ་ལྡན་ཀྲི་ག་མ་གྲགས་པ་རྙིང་སོང་ཞིག་ཏུ་གསོལ་ཇ་བཞེས། རབ་བྱུང་བཅུ་གསུམ་པའི་ཆུ་འབྲུག་སྟེ་ཕྱི་ལོ་ ༡༧༧༢ ཞི་བར་གཤེགས།
༼ཁྲི་རབས་རེ་གཅིག་པ།༽ ཚེ་སྨོན་གླིང་ངག་དབང་ཚུལ་ཁྲིམས། རབ་བྱུང་བཅུ་གཉིས་པའི་ལྕགས་གླང་སྟེ་ཕྱི་ལོ་ ༡༧༢༡ ལོར་མདོ་སྨད་ལྷོ་རྒྱུད་ཀྱི་ཅོ་ནེའི་སའི་ཆ་དར་འོ་ཞེས་པ་རུ་འཁྲུངས། སེར་སྨད་ཚ་རྡོར་དུ་ཞུགས་ཏེ་ཐུགས་གཉེར་མཛད། ཤར་རྩེ་ནས་ཁྲིར་ཕེབས་ཏེ། ཕྱི་ལོ་ ༡༧༧༨-༡༧༨༤ བར་ལོ་ངོ་བདུན་ལ་ཁྲི་ཁུར་བཞེས། དེ་མོ་ངག་དབང་འཇམ་དཔལ་གྱི་རྗེས་ཐོག་ཏུ་བོད་ཀྱི་སྲིད་སྐྱོང་དང་། ༸རྒྱལ་མཆོག་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་གནང་། ལྕང་སྐྱ་རོལ་པའི་རྡོ་རྗེ་རྒྱ་ནག་ཏུ་གཤེགས་པའི་ཚབ་ཏུ་རྒྱ་ནག་ཏུ་བཏང་བར་རྒྱལ་པོའི་དབུ་བླ་ཡང་མཛད་ནས་སླར་བོད་དུ་ཕེབས། ༸རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་སོག་སྐད་དུ་བསྒྱུར་པ་སོགས་མཛད་ཅིང་། ནོ་མོ་ཧན་ས་མ་ཏི་པཀྵཱའི་ཆོ་ལོ་བཞེས། བཀའ་རྩོམ་གྱི་རིམ་པ་ཤིན་ཏུ་མང་བར་མཛད། ཚེ་སྨོན་གླིང་སྐུ་ཕྲེང་དང་པོ་ཡིན། དགུང་གྲངས་དོན་གཅིག་པ་རབ་བྱུང་བཅུ་གསུམ་པའི་ལྕགས་ཕག་སྟེ་ཕྱི་ལོ་ ༡༧༩༡ ལོར་ཞི་བར་གཤེགས།
༼ཁྲི་རབས་རེ་གསུམ་པ།༽ བློ་བཟང་མཁས་མཆོག རབ་བྱུང་བཅུ་གཉིས་པའི་མེ་འབྲུག་སྟེ་ཕྱི་ལོ་ ༡༧༣༦ ལོར་འཕན་པོ་སྦས་གྲོང་ཞེས་པར་འཁྲུངས། སེར་སྨད་ཚ་རྡོར་དུ་ཞུགས་ཏེ་མཁས་པར་སྦྱངས། ཤར་རྩེ་བརྒྱུད་དེ་དགུང་གྲངས་ང་བདུན་པ་རབ་བྱུང་བཅུ་གསུམ་པའི་ཆུ་བྱི་ཕྱི་ལོ་ ༡༧༩༢ ལོའི་ཟླ་ ༦ ཚེས་ ༤ ཉིན་ཁྲིར་ཕེབས། སློབ་གཉེར་མཛད་སྐབས་ཐུགས་རུས་ཤིན་ཏུ་ཆེ་བ་དང་རྒྱུད་སྟོད་ཀྱི་བདེ་མཆོག་ཉམས་ཉེས་བསྐྱར་གསོ་དང་གོར་བོད་སྡེ་གཟར་སྐབས་དགེ་འདུན་པ་རྣམས་ལ་འདུལ་ཁྲིམས་ནན་སྲུང་དགོས་པའི་བཀའ་སློབ་གནང་། ཁྲིར་ཕེབས་ཏེ་ཟླ་ལྔ་ལྷག་རིང་འགྲོ་དོན་བསྐྱངས་ནས་ལོ་དེ་གའི་ཟླ་ ༡༡ ཚེས་ ༡༥ ལ་ཞི་བར་གཤེགས།
༼ཁྲི་རབས་རེ་ལྔ་བ།༽ དགེ་འདུན་ཚུལ་ཁྲིམས། རབ་བྱུང་བཅུ་གཉིས་པའི་ཤིང་བྱི་སྟེ་ཕྱི་ལོ་ ༡༧༤༤ ལོར་ཁམས་རྒྱལ་ཐང་ཡང་ཐང་ཞེས་པར་འཁྲུངས། སེར་སྨད་སྤོམ་རར་ཞུགས་ཏེ་མཁས་པར་སྦྱངས། ཤར་རྩེ་ནས་ཁྲིར་ཕེབས་ཏེ། ཕྱི་ལོ་ ༡༨༠༡-༡༨༠༧ ལོ་ངོ་བདུན་ལ་ཁྲི་ཁུར་བཞེས། གོང་མ་ཆན་ལུང་གི་དབུ་བླ་དང་། རི་བོ་རྩེ་ལྔའི་མཁན་པོ་མཛད། གདན་ས་སོ་སོས་ལས་མིར་བསྙད་ནས་བུད་མེད་ཞག་སྡོད་མི་ཆོག་པའི་བཀའ་གནང་། འདས་ལོ་མ་ངེས།
༼ཁྲི་རབས་རེ་བདུན་པ།༽ འཇམ་དབྱངས་སྨོན་ལམ། རབ་བྱུང་བཅུ་གསུམ་པའི་ལྕགས་རྟ་སྟེ་ཕྱི་ལོ་ ༡༧༥༠ ལོར་ཁམས་མུ་ལིར་ཞེས་པར་འཁྲུངས། འབྲས་སྤུངས་བློ་གླིང་སྤོམ་རར་ཞུགས། ཤར་རྩེ་ནས་ཁྲིར་ཕེབས་ཏེ། དགུང་གྲངས་རེ་ལྔ་བ་རབ་བྱུང་བཅུ་བཞི་པའི་ཤིང་ཁྱི་སྟེ་ཕྱི་ལོ་ ༡༨༡༤ ལོར་གསེར་ཁྲིར་ཕེབས། ཁྲི་ཁུར་ཟླ་བ་གསུམ་ལས་སྐྱོང་རྒྱུ་མ་བྱུང་བར་གཤེགས། ཁྲིར་མ་ཕེབས་གོང་རི་བོའི་རྩེ་ལྔའི་ཛ་སག་གནང་།
༼ཁྲི་རབས་རེ་དགུ་བ།༽ བྱང་ཆུབ་ཆོས་འཕེལ། རབ་བྱུང་བཅུ་གསུམ་པའི་མེ་བྱི་སྟེ་ཕྱི་ལོ་ ༡༧༥༦ ལ་ཁམས་ཆ་ཕྲེང་དུ་འཁྲུངས། དགའ་ལྡན་ཤར་རྩེ་རྡོ་ཁང་དུ་ཞུགས་ཏེ་མཁས་པར་སྦྱངས། ཤར་རྩེ་ནས་ཁྲིར་ཕེབས་ཏེ། ཕྱི་ལོ་ ༡༨༡༦-༡༨༢༢ བར་ལོ་ངོ་བདུན་ལ་ཁྲི་ཁུར་བཞེས། ༸རྒྱལ་མཆོག་སྐུ་ཕྲེང་དགུ་པ་དང་། བཅུ་པའི་ཡོངས་འཛིན་གནང་། ཁྲི་ཟུར་ནས་ལོ་བཅུ་བདུན་ལ་བཞུགས། ཁྲི་བྱང་སྐུ་ཕྲེང་དང་པོ་ཡིན། དགུང་གྲངས་གྱ་གསུམ་པ་རབ་བྱུང་བཅུ་བཞི་བའི་ས་ཁྱི་སྟེ་ཕྱི་ལོ་ ༡༨༣༨ ལོར་ཞི་བར་གཤེགས།
༼ཁྲི་རབས་དོན་གཅིག་པ།༽ ཡེ་ཤེས་ཐར་འདོད། རབ་བྱུང་བཅུ་གསུམ་པའི་མེ་བྱི་སྟེ་ཕྱི་ལོ་ ༡༧༥༦ ལོར་ཀོང་པོ་འབྲུ་ལར་འཁྲུངས། སེར་སྨད་ཀོང་པོར་ཞུགས་ཏེ་མཁས་པར་སྦྱངས། ཕྱི་ལོ་ ༡༨༢༩ ལ་ཁྲིར་ཕེབས་ཤིང་། ཁྲིར་ལོ་ག་ཚོད་བཞུགས་མིན་དང་འདས་ལོ་བཅས་ལ་གསལ་ཁ་མ་བྱུང་།
༼ཁྲི་རབས་དོན་གསུམ་པ།༽ ངག་དབང་འཇམ་དཔལ་ཚུལ་ཁྲིམས་རྒྱ་མཚོ། ཚེ་སྨོན་གླིང་སྐུ་ཕྲེང་གཉིས་པ་ཡིན། མདོ་སྨད་ལྷོ་རྒྱུད་ཀྱི་སའི་ཆ་ཅོ་ནེ་ཞེས་པར་འཁྲུངས། སེར་སྨད་ཚ་རྡོར་དུ་ཞུགས་ནས་མཁས་པར་སྦྱངས། ཤར་རྩེ་ནས་ཁྲིར་ཕེབས་ཏེ། ཕྱི་ལོ་ ༡༨༣༧-༡༨༤༣ ལོ་ངོ་བདུན་ལ་ཁྲི་ཁུར་བཞེས། ལྷ་ས་དགའ་ལྡན་གསར་དུ་ཚེ་གླིང་གྲྭ་ཚང་ཕྱག་བཏབ། སྲིད་སྐྱོང་ལོ་ཉེར་དྲུག་དང་། ༸རྒྱལ་མཆོག་སྐུ་ཕྲེང་བཅུ་པའི་ཡོངས་འཛིན་གནང་། འདས་ལོ་མ་ངེས།
༼ཁྲི་རབས་དོན་ལྔ་བ།༽ ངག་དབང་ལུང་རྟོགས་ཡོན་ཏན་རྒྱ་མཚོ། བོད་སྨད་ཕྱོགས་གླིང་པར་འཁྲུངས། འབྲས་སྤུངས་བློ་གསལ་གླིང་དུ་མཁས་པར་སྦྱངས། ཤར་རྩེ་ནས་ཁྲིར་ཕེབས་ཏེ། ཕྱི་ལོ་ ༡༨༤༦-༡༨༥༢ བར་ལོ་ངོ་བདུན་ལ་ཁྲི་ཁུར་བཞེས། ༸རྒྱལ་མཆོག་སྐུ་ཕྲེང་བཅུ་གཅིག་པའི་ཡོངས་འཛིན་གནང་། གླིང་ཚང་སྐུ་ཕྲེང་བཞི་པ་ཡིན། གཞན་དུ་འདི་བ་སེར་སྨད་དུ་ཐུགས་གཉེར་གནང་བའང་གསལ་ལ། ཁྲིར་ནམ་ཕེབས་དང་། ལོ་ག་ཚོད་ལ་བཞུགས་མིན་ལའང་མི་མཐུན་པ་སྣང་།
༼ཁྲི་རབས་དོན་བདུན་པ།༽ ཚུལ་ཁྲིམས་དར་རྒྱས། ཁམས་སྤོམ་འབོར་དུ་སྐུ་འཁྲུངས། ཤར་རྩེ་བརྒྱུད་དེ་རབ་བྱུང་བཅུ་བཞི་པའི་ས་ལུག་སྟེ་ཕྱི་ལོ་ ༡༨༥༩ ལོར་གསེར་ཁྲིར་ཕེབས་ནས་ལོ་གསུམ་རིང་ཁྲི་ཁུར་བཞེས། ཁྲི་ཁུར་བཞེས་པའི་ལོ་ཚད་ལ་མི་མཐུན་པ་སྣང་། གཞན་འཁྲུངས་འདས་ལོ་ཚིགས་སོགས་ཞིབ་པར་མ་ངེས།
༼ཁྲི་རབས་དོན་དགུ་བ།༽ ཕུ་ཁང་བློ་བཟང་སྦྱིན་པ། མདོ་སྟོད་སྣང་བཟང་དུ་འཁྲུངས། དགའ་ཤར་ཕུ་ཁང་དུ་ཞུགས་ཏེ་ཐུགས་གཉེར་གནང་། ཤར་རྩེ་ནས་ཁྲིར་ཕེབས་ཏེ། ཕྱི་ལོ་ ༡༨༦༧-ལོ་ངོ་བཞི་ལ་ཁྲི་ཁུར་བཞེས། གཞན་དུ་ཁྲི་ཁུར་བཞེས་ནས་ལོ་གཉིས་ཙམ་ནས་གཤེགས་པར་བཤད་པའང་ཡོད། འཁྲུངས་ལོ་སོགས་ཞིབ་གསལ་མ་ངེས།
༼ཁྲི་རབས་གྱ་གཅིག་པ།༽ ངག་དབང་ནོར་བུ། བོད་ཡུལ་ཤར་ཕྱོགས་ཀྱི་མདོ་སྨད་ཟུང་ཆུ་རུ་སྐུ་འཁྲུངས། འཁྲུངས་ལོ་མ་ངེས། འདི་བས་སྟོང་འཁོར་རྒྱལ་བ་རྒྱ་མཚོ་སླར་ཡང་མངལ་དུ་སྲིད་པ་འཛིན་མ་དགོས་པར་རྒྱ་ཕྲུག་ལོ་ཉི་ཤུ་ཙམ་འགྲོ་བ་ཞིག་གི་ཕུང་པོ་དུར་ཁྲོད་དུ་སྐྱེལ་བར་བྱ་འཕུར་བ་བཞིན་སྐད་ཅིག་ལ་འཕོས་ནས་ང་སྟོང་འཁོར་བ་ཡིན་ཞེས་སྨྲས་པར་བརྟེན་སྟོང་འཁོར་མདོ་རྒྱུད་རྒྱ་མཚོ་གྲོང་འཇུག་པར་གྲགས། ཟུང་ཆུ་སེར་པོ་དགོན་དུ་ཆོས་ཞུགས་གནང་། དབུས་ཀྱི་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་མཁས་པར་སྦྱངས་ཤིང་། ༸རྒྱལ་མཆོག་འཕྲིན་ལས་རྒྱ་མཚོའི་མཚན་ཞབས་པ་མཛད། ཤར་རྩེ་ནས་ཁྲིར་ཕེབས་ཏེ། ཕྱི་ལོ་ ༡༨༧༦-༡༨༨༠ བར་གྱི་ལོ་ངོ་ལྔ་ལ་ཁྲི་ཁུར་བཞེས། གཞུང་གི་བཀའ་བཞིན་ཁྲ་འབྲུག་ཞིག་གསོས་ལ་བཏང་བར་ལེགས་གྲུབ་མཛད། གཙང་ནས་པཎ་ཆེན་བསྟན་པའི་དབང་ཕྱུག་གཤེགས་པར་ཐོབ་མ་ཐོབ་ཇི་ལྟར་རུང་པཎ་ཆེན་ཡང་སྲིད་དུ་འཚང་གི་ཡིན་གསུངས་ནས་ལྕགས་འབྲུག་སྟེ་ཕྱི་ལོ་ ༡༨༨༠ ལོར་གཤེགས་པར་སྐད།
༼ཁྲི་རབས་གྱ་གསུམ་པ།༽ བྱང་ཆུབ་ནམ་མཁའ། རྒྱལ་རོང་དུ་འཁྲུངས། སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་གསན་སྦྱོང་མཛད། རྒྱུད་སྟོད་དང་ཤར་རྩེ་བརྒྱུད་དེ་རབ་བྱུང་བཅོ་ལྔ་པའི་མེ་ཁྱི་སྟེ་ཕྱི་ལོ་ ༡༨༨༦ ལོར་ཁྲིར་ཕེབས་ཏེ་ལོ་ལྔ་ལ་ཁྲི་ཁུར་བཞེས། གཞན་དུ་ཕྱི་ལོ་ ༡༨༨༢-༡༨༨༨ བར་ལོ་ངོ་བདུན་ལ་ཁྲི་ཁུར་བཞེས་པའང་སྣང་། འཁྲུངས་འདས་ལོ་ཚིགས་སོགས་མ་ངེས།
༼ཁྲི་རབས་གྱ་ལྔ་བ།༽ བློ་བཟང་ཚུལ་ཁྲིམས་དཔལ་ལྡན། དབོན་སྟོན་སྐྱེར་སྒང་བའི་གདུང་རྒྱུད་དུ་རབ་བྱུང་བཅུ་བཞི་བའི་ས་ཕག་སྟེ་ཕྱི་ལོ་ ༡༨༣༩ ལོར་སྟོད་ལུང་རག་སྐོར་དུ་འཁྲུངས། དགའ་ཤར་རྡོ་ཁང་དུ་ཞུགས་ཏེ་ཐུགས་གཉེར་གནང་། ཤར་རྩེ་ནས་ཁྲིར་ཕེབས་ཏེ། ཕྱི་ལོ་ ༡༨༩༦-༡༩༠༠ བར་ལོ་ངོ་ལྔ་ལ་ཁྲི་ཁུར་བཞེས། རབ་བྱུང་བཅོ་ལྔ་བའི་ལྕགས་བྱི་སྟེ་ཕྱི་ལོ་ ༡༩༠༠ ལོའི་ཟླ་བཞི་པའི་ཚེས་ཉེར་ལྔ་ཉིན་དགའ་ལྡན་གླིང་དུ་ཞབས་སྐོར་དུ་ཕེབས་ཏེ་ཁྲི་ཐོག་ཁང་དུ་འཁོར་ཉེའི་མཚམས་ཆོས་རའི་ལྟག་སྒོའི་འགྲམ་དེར་ཞབས་སྟེགས་ཐོག་བཞུགས་ཤིང་། ཞལ་ནུབ་ཕྱོགས་ཀྱི་ནམ་མཁར་གཟིགས་ཏེ། ཧ་ཧ། དགའ་ལྡན་དགའ་ལྡན་ཞེས་གསུང་བའི་མུར་ས་གནས་དེ་ག་རང་ལ་གློ་བུར་དུ་སྐུ་གཤེགས་པར་སྐད། སྐུ་གདུང་ཞུགས་འབུལ་ཞུས་པར་ཐུགས་ལྗགས་སྤྱན་གསུམ་མེས་མ་བཞེས་པར་བཞུགས་པ་ཆ་ཕྲེང་དུ་གདན་དྲངས་སོ། ། འདི་བའི་ཡང་སྲིད་ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་དཔལ་བཟང་པོ་དེ་ཉིད་ཡིན།
༼ཁྲི་རབས་གྱ་བདུན་པ།༽ ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན། ཚེ་སྨོན་གླིང་སྐུ་ཕྲེང་གསུམ་པ། མདོ་སྨད་ཅོ་ནེ་རུ་སྐུ་འཁྲུངས། སེར་སྨད་ཚ་རྡོར་དུ་ཞུགས་ཏེ་ཐུགས་གཉེར་གནང་། ཤར་རྩེ་ནས་ཁྲིར་ཕེབས་ཏེ། ཕྱི་ལོ་ ༡༩༠༧-༡༩༡༣ལོ་ངོ་བདུན་ལ་ཁྲི་ཁུར་བཞེས། ༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་མཆོག་རྒྱ་གར་དུ་ཕེབས་སྐབས་སྲིད་སྐྱོང་ལོ་གསུམ་ལ་གནང་སྟེ། བསྟན་སྲིད་ལ་རྒྱའི་ཞབས་འདེགས་ལ་ཐུགས་བསྐྱེད་རྨད་དུ་བྱུང་ཞིང་ྋགོང་ས་མཆོག་གི་དགོངས་པ་དང་མཐུན་པའི་ཕྱག་རྗེས་ཆེ། འདི་བའི་འཁྲུངས་འདས་ལོ་ཚིགས་གསལ་བར་མ་ངེས།
༼ཁྲི་རབས་གྱ་དགུ་བ།༽ བློ་བཟང་ཐུབ་བསྟན་སྙན་གྲགས་རྒྱ་མཚོ། བྲག་གཡབ་གྲོང་ར་ཚང་དུ་འཁྲུངས། དགའ་ཤར་ཉག་རེ་རུ་ཞུགས་ཏེ་ཐུགས་གཉེར་མཛད། ཤར་རྩེ་ནས་ཁྲིར་ཕེབས་ཏེ། ཕྱི་ལོ་ ༡༩༡༧-༡༩༢༠ ལོ་ངོ་གསུམ་ལ་ཁྲི་ཁུར་བཞེས། ཚེ་སྨོན་གླིང་ཞི་དབྱིངས་སུ་གཤེགས་པའི་ལོར་ཐུགས་ཕམ་གྱིས་ཁྲི་མཐར་མ་འཁྱོལ་བར་ཞི་བར་གཤེགས། འཁྲུངས་འདས་ལོ་ཚིགས་གསལ་བར་མ་ངེས།
༼ཁྲི་རབས་གོ་གཅིག་པ།༽ ལ་བ་བློ་བཟང་རྒྱལ་མཚན། མདོ་ཁམས་ཡ་ར་རུ་འཁྲུངས། སེར་བྱེས་ནས་རྒྱུད་སྟོད་བརྒྱུད་རབ་བྱུང་དྲུག་པའི་མེ་ཡོས་ཏེ་ཕྱི་ལོ་ ༡༩༢༧ ལོར་གསེར་ཁྲིར་ཕེབས་ཏེ་ཁྲི་ལོ་བདུན་པའི་སྟེང་ལྷ་སར་གཤེགས།
༼ཁྲི་རབས་གོ་གསུམ་པ།༽ ཡེ་ཤེས་དབང་ལྡན། ཁམས་མི་ཉག་དན་འབག་ཨ་མེ་ཚང་ཞེས་པར་འཁྲུངས། དགུང་གྲངས་ཉེར་ལྔ་ལ་འབྲས་སྤུངས་བློ་གསལ་གླིང་མི་ཉག་ཁམས་ཚན་དུ་ཞུགས་ཏེ་ཐུགས་གཉེར་གནང་། ྋགོང་ས་བཅུ་གསུམ་པ་ཆེན་པོས་ལྷ་རམས་དམ་འཇོག་བཟང་ཞན་གྱིས་ཨང་རིམ་བསྒྲིགས་པའི་ལམ་སྲོལ་སླར་གསོའི་ཐོག་མའི་སྐབས་ཨང་དང་པོ་ཐོབ། ཤར་རྩེ་ནས་ཁྲིར་ཕེབས་ཏེ། ཕྱི་ལོ་ ༡༩༣༣-༡༩༣༩ བར་ལོ་ངོ་བདུན་ལ་ཁྲི་ཁུར་བཞེས། ༸རྒྱལ་མཆོག་བཅུ་གསུམ་པ་ཆེན་པོ་དགོངས་པ་གཞན་དོན་དུ་གཤེགས་རྗེས་རྒྱལ་ཚབ་ཀྱི་འོས་ཁོངས་སུ་ཡོད། བསྟན་གླིང་ནས་ངན་བསྐུལ་བྱས་ཏེ། ྋགོང་ས་བཅུ་གསུམ་པ་ཆེན་པོ་བཀྲོང་རྩིས་ཀྱིས་དགུང་སྙིང་མཚན་གསལ་བླ་ཚེ་སྲོག་གསུམ་ལིང་གའི་གནས་ཡིག་ཏུ་བཀོད་བསྒྲུབས་དང་། བོད་སྤྱིར་མི་ཤིས་པའི་ངན་གཏད་རྫས་སྦྱོར་བྱེད་པོ་ཉག་སྤྲུལ་ཞེས་པ་གཞུང་སའི་ཁྲིམས་གཅོད་འོག་དུས་བྱས་པའི་ཕུང་པོ་སྣེ་ཐང་འཕྲང་དུ་སྦས་ཏེ་མཆོད་རྟེན་གྱིས་མནན་ཡང་། ཁོ་པ་གདུག་འདྲེ་མཐུ་ཅན་དུ་གྱུར་ཏེ་གཞུང་གི་བསྟན་སྲིད་ལ་གནོད་འཚེ་ཆེ་ཞིང་སྔར་གྱི་མཆོད་རྟེན་ཡང་ཞིག་རལ་དུ་གྱུར་པ་སོགས་ཀྱི་རྟགས་མཚན་མངོན་གསལ་ལ་བརྟེན། ཁྲི་རིན་པོ་ཆེ་འདི་ཉིད་གཞུང་སའི་བཀའ་འབྲེལ་ཐོག་སྙེ་ཐང་དུ་ཞབས་བསྐྱོད་ཀྱིས་རྫས་སྔགས་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཉག་འདྲེ་འགྲུབ་ཁུང་དུ་བཅུག་ཅིང་། སླར་ཡང་སྡང་བ་མེད་པར་མཆོད་རྟེན་གྱིས་མནན་ཏེ་རྟགས་ཐོན་པར་མཛད། ཁྲི་ཟུར་ནས་ལོ་བཞིའི་རྗེས་བསྟན་རྒྱས་གླིང་དུ་ཞི་བར་གཤེགས། འདིའི་སྤྲུལ་སྐུར་མི་ཉག་ཁྲི་སྤྲུལ་ཟེར།
༼ཁྲི་རབས་གོ་ལྔ་བ།༽ བཀྲ་ཤིས་སྟོང་འདུས། མི་ཉག་ལྷུན་པོ་ཚང་དུ་འཁྲུངས། འབྲས་སྤུངས་བློ་གསལ་གླིང་མི་ཉག་ཁམས་ཚན་དུ་ཞུགས་ཏེ་མཁས་པར་སྦྱངས། ལྷ་རམས་དང་པོའི་གཉིས་པ་ཐོབ། ཤར་རྩེ་ནས་ཁྲིར་ཕེབས་ཏེ། ཕྱི་ལོ་ ༡༩༤༧-༡༩༥༣ བར་ལོ་ངོ་བདུན་ལ་ཁྲི་ཁུར་བཞེས། གདུང་རྟེན་འབྲས་སྤུངས་ཚོགས་ཆེན་དུ་བཞུགས། འཁྲུངས་འདས་ལོ་ཚིགས་གསལ་བར་མ་ངེས།
༼ཁྲི་རབས་གོ་བདུན་པ།༽ ཡོངས་འཛིན་གླིང་སྤྲུལ་རྡོ་རྗེ་འཆང་ཐུབ་བསྟན་ལུང་རྟོགས་རྣམ་རྒྱལ་འཕྲིན་ལས་དཔལ་བཟང་པོ། རབ་བྱུང་བཅོ་ལྔ་པའི་ཆུ་ཡོས་ཏེ་ཕྱི་ལོ་ ༡༩༠༣ ཟླ་བཅུ་གཅིག་པའི་ཚེས་དྲུག་ཉིན་གྱི་ཐོ་རེངས་ལ་སྟོད་ལུང་དུ་འཁོར་ལོ་སྡོམ་པའི་གནས་ཡབ་ཕུ་ཞེས་པའི་ས་ཁུལ་དཀར་བོག་ཅེས་པའི་གྲོང་ཁྱིམ་དུ་སྐུ་འཁྲུངས། འབྲས་སྤུངས་བློ་གསལ་གླིང་། ྋགོང་ས་བཅུ་གསུམ་པ་ཆེན་པོས། ཡོངས་འཛིན་གླིང་གོང་མའི་སྐྱེ་ཕྲེང་འཁྲུལ་མེད་ཡིན་ངེས་ཕྱག་རྟགས་དང་འབྲེལ་བརྟན་ཞུགས་སྨོན་ཚིག་ཀྱང་སྐབས་འཕྲལ་ལྗགས་རྩོམ་བཀའ་དྲིན་བསྩལ། དགུང་གྲངས་བཅུར་ཕེབས་པ་ཆུ་ཁྱི་སྟེ་ཕྱི་ལོ་ ༡༩༡༢ ལོར་འབྲས་སྤུངས་བློ་གསལ་གླིང་གི་ཆོས་གྲྭར་ཞུགས་ཏེ་གཞུང་ཆེན་ལ་ཐོས་བསམ་མཛད། དགུང་གྲངས་ཉེར་གཉིས་པ་རབ་བྱུང་བཅུ་དྲུག་པའི་ཤིང་བྱི་ལོ་སྟེ་ཕྱི་ལོ་ ༡༩༢༤ ལོར་ལྷ་ལྡན་སྨོན་ལམ་ཆེན་མོར་དགེ་འདུན་ཁྲི་ཕྲག་འདུས་པའི་དབུས་སུ་གཞུང་ཆེན་བཀའ་པོད་ལྔ་ལ་དམ་འཇོག་ལེགས་པར་མཛད་དེ་ལྷ་རམས་ཨང་གཉིས་པའི་གཟེངས་བསྟོད་དང་། གནང་སྐྱེས་ཀྱང་གསོལ་བསྩལ་ཐོབ། ལོ་དེར་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ཞུགས་ཏེ། གསང་ཆེན་རྒྱུད་སྡེ་རྒྱ་མཚོ་ལ་གསན་བསམ་ཉམས་བཞེས་མཐིལ་ཕྱིན་པར་མཛད། ཤར་རྩེ་བརྒྱུད་ནས་ཁྲིར་ཕེབས་ཏེ། ཕྱི་ལོ་ ༡༩༦༥-༡༩༨༣ བར་ལོ་ངོ་བཅུ་དགུ་ལ་ཁྲི་ཁུར་བཞེས། ༸རྒྱལ་བའི་ཡོངས་འཛིན་སྐུ་བགྲེས་དང་། དགེ་ལྡན་གཙུག་ལག་སློབ་གཉེར་ཁང་གི་རིགས་ཀྱི་བདག་པོའི་མཚན་གནས་བཞེས། མཐར་དགུང་གྲངས་གྱ་གསུམ་བཞེས་པ་རབ་བྱུང་བཅུ་དྲུག་པའི་ཆུ་ཕག་སྟེ་ཕྱི་ལོ་ ༡༩༨༣ ལོའི་ཟླ་ ༡༢ ཚེས་ ༢༥ ཉིན་འཕགས་ཡུལ་བཞུགས་སྒར་དྷ་རམ་ས་ལར་རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་མཛད། སྐུ་གདུང་རིལ་པོ་མ་ཉམས་པ་བྱིན་རླབས་ཀྱི་གཟི་འོད་ཆེས་ཆེར་འབར་བ་བླ་བྲང་དུ་བཞུགས་ཤིང་། སྲིད་ན་དཀོན་པའི་རིང་སྲེལ་གྱིས་ཕྱུར་བུར་བཀང་བའི་གསེར་གདུང་རིན་པོ་ཆེ་རིན་ཆེན་སྣ་ཚོགས་ཀྱིས་ཕྲ་བཏབ་པ་ངོ་མཚར་ཅན་ད་ལྟར་འབྲས་སྤུངས་ཚོགས་ཆེན་གྱི་འདུ་ཁང་སྦུག་ཏུ་བཞུགས།
༼ཁྲི་རབས་གོ་དགུ་བ།༽ ཡེ་ཤེས་དོན་གྲུབ། རབ་བྱུང་བཅོ་ལྔ་བའི་ལྕགས་ཕག་སྟེ་ཕྱི་ལོ་ ༡༩༡༡ ལོར་མདོ་ཁམས་ཐར་ལམ་མཛད་འབུམ་ཚང་དུ་ཡབ་བསོད་ནམས་དངོས་གྲུབ་དང་ཡུམ་སྐལ་བཟང་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་གྲངས་བདུན་ཐོག་དེ་གའི་གཞིས་དགོན་དགྲ་མེད་བསམ་གཏན་གླིང་དུ་ཆོས་ཞུགས་གནང་། དགུང་གྲངས་བཅུ་གཉིས་སོན་པ་ན་ཁྲི་འཇམ་དབྱངས་དམ་ཆོས་ཀྱི་ཡང་སྤྲུལ་ཡེ་ཤེས་དམ་ཆོས་ཀྱི་དྲུང་ལས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་མནོས། རབ་བྱུང་བཅོ་ལྔ་བའི་ཤིང་གླང་སྟེ་ཕྱི་ལོ་ ༡༩༢༥ ལོར་དབུས་ཕྱོགས་སུ་ཟླ་བ་གསུམ་གྱི་རིང་རྐང་བགྲོད་ཀྱིས་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་སྤོམ་ར་ཁམས་ཚན་དུ་སྒྲིག་ཞུགས་མཛད་ཅིང་། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཡེ་ཤེས་བློ་ལྡན་མཆོག་གི་ཞབས་ལ་གཏུགས་ཏེ་གསན་བསམ་སློབ་གཉེར་ཚུལ་བཞིན་གནང་། རབ་བྱུང་བཅུ་དྲུག་པའི་ཤིང་ལུག་སྟེ་ཕྱི་ལོ་ ༡༩༥༥ ལོར་གདན་སར་དགེ་བཤེས་ལྷ་རམས་ཀྱི་གྲྭ་སྐོར་མཛད། དགུང་གྲངས་ཞེ་དྲུག་བཞེས་པ་རབ་བྱུང་བཅུ་དྲུག་པའི་མེ་སྤྲེལ་ཏེ་ཕྱི་ལོ་ ༡༩༥༦ ལོར་གདན་ས་གསུམ་གྱི་ལྷ་རམས་པ་རྣམས་ཀྱིས་སྔ་སྲོལ་ནོར་གླིང་དུ་ྋརྒྱལ་བ་དོན་གྱི་བདག་པོའི་སྤྱན་སྔར་རྩོད་རྒྱུགས་འབུལ་བཞེས་ལྟར་ཕུལ། ལོ་དེར་ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་དུ་འདུས་པའི་མཁས་པ་ནམ་མཁའི་སྐར་ཚོགས་ལྟ་བུའི་དབུས་སུ་གཞུང་ཆེན་བཀའ་པོད་ལྔའི་དམ་འཇོག་མཛད་དེ། མཁས་པའི་ཡང་རྩེ་ལྷ་རམས་ཨང་དང་པོའི་དང་པོར་མཚན་བཀོད་དང་གནང་སྐྱེས་གྱ་ནོམ་པ་བསྩལ་བ་བདག་གིར་བཞེས། དེ་ནས་གསང་ཆེན་སྟོད་རྒྱུད་གྲྭ་ཚང་དུ་ཞུགས་ཏེ་གསང་ཆེན་རྒྱུད་སྡེའི་གཞུང་ལ་ཐོས་པ་ལྷུར་ལེན་མཛད། མཐར་ཤར་རྩེ་བརྒྱུད་དགུང་གྲངས་བརྒྱད་ཅུར་ཕེབས་པ་རབ་བྱུང་བཅུ་བདུན་པའི་ལྕགས་རྟ་སྟེ་ཕྱི་ལོ་༡༩༩༠ ཟླ་བ་ ༡༡ ཚེས་ ༢༦ ལ་དགའ་ལྡན་ཁྲིར་ཕེབས་ཏེ་ཕྱི་ལོ་ ༡༩༩༡-༡༩༩༥ བར་ལོ་ངོ་ལྔ་ལ་ཁྲི་ཁུར་བཞེས། ཕྱི་ལོ་ ༡༩༩༥ ལོའི་ཕྱི་ཟླ་ ༥ ཚེས་ ༢༨ ཉིན་ཞི་བར་གཤེགས།
༼ཁྲི་ཐོག་བརྒྱ་དང་གཅིག་པ།༽ ལུང་རིགས་རྣམ་རྒྱལ། རབ་བྱུང་བཅུ་དྲུག་པའི་ཐོག་མ་མེ་ཡོས་ཏེ་ཕྱི་ལོ་ ༡༩༢༧ ལོར་ཁམས་འདབས་པ་གྲོང་དུ་སྐུ་འཁྲུངས། ༡༩༣༦ ལོར་འདབས་ཡང་སྟེང་བདེ་ཆེན་གླིང་དུ་ཆོས་སྒོར་ཞུགས་ཏེ་དགེ་བསྙེན་དང་བར་མ་རབ་བྱུང་གི་བསླབ་སྡོམ་བཞེས་ཤིང་། མཚན་ལ་འཕྲིན་ལས་རྣམ་རྒྱལ་ཞེས་གསོལ། དགུང་གྲངས་ཉི་ཤུའི་སྟེང་ཁམས་ལི་ཐང་དགོན་ཆེན་དུ་སྒོ་སོག་མཁན་ཆེན་གྱི་ཞལ་སྔ་ནས་བསྙེན་པར་རྫོགས་པས་ལུང་རིགས་རྣམ་རྒྱལ་ཞེས་པའི་མཚན་གསོལ་མཛད། ཕྱི་ལོ་ ༡༩༥༠ ལོར་ཡུལ་དབུས་སུ་ཕེབས་ཏེ་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་ཐོས་བསམ་སློབ་གཉེར་གནང་། ༡༩༥༩ ལོར་འཕགས་ཡུལ་དུ་ཕེབས་ཏེ་ཕྱི་ལོ་ ༡༩༦༦ བར་སྦག་ས་ཆོས་སྒར་དུ་གསན་བསམ་སློབ་གཉེར་མུ་མཐུད་དུ་གནང་། ༡༩༦༩ ལོར་ཝར་ཎ་མཐོ་སློབ་ཏུ་ཞུགས་ཏེ་ཨཙརྱའི་ཕྱག་འཁྱེར་བཞེས། ༡༩༧༡ ལོར་ཆོ་འཕྲུལ་སྨོན་མོར་གྲྭ་སྐོར་དམ་བཅའ་མཛད། དེ་ནས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་ཞུགས་ཏེ་སྔགས་ཀྱི་དམ་འཇོག་མཛད། ༡༩༨༣ ལོར་རྒྱུད་སྟོད་བླ་མ་དབུ་མཛད་དང་། ༡༩༩༢ ལོར་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་པོ། ༡༩༩༥ ལོར་ཤར་རྩེ་ཆོས་རྗེ་དང་། ༢༠༠༢ ལོར་དགའ་ལྡན་ཁྲི་ཐོག་བརྒྱ་དང་གཅིག་པར་ཕེབས་ཏེ་ཕྱི་ལོ་ ༢༠༠༩ བར་ལོ་ངོ་བདུན་གྱི་རིང་ཁྲི་ཁུར་བཞེས། ད་ལྟའང་སྐུ་འཚོ་ཞིང་བཞུགས་སོ།།
༼ཁྲི་ཐོག་བརྒྱ་དང་གསུམ་པ།༽ བློ་བཟང་བསྟན་འཛིན། བོད་རབ་བྱུང་བཅུ་དྲུག་པའི་མེ་གླང་སྟེ་ཕྱི་ལོ་ ༡༩༣༧ ལོར་མདོ་སྟོད་གཡག་རྭ་མཚམས་དགོན་པའི་ཤར་ལྷུ་རི་སྟོད་སད་ཅེས་པའི་ཞིང་པ་ཞིག་གི་ཁྱིམ་དུ་སྐུ་འཁྲུངས། དགུང་ལོ་དགུའི་ཐོག་དཔལ་ལྡན་མཚམས་དགོན་པའི་ཆོས་སྒོར་ཞུགས། ཕྱི་ལོ་ ༡༩༥༣ དགུང་ལོ་བཅུ་བདུན་ཐོག་དབུས་སུ་ཕེབས་ཏེ། འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་སྒྲིག་ཞུགས་གནང་ཞིང་། རྗེ་ལམ་རིམ་པ་ངག་དབང་ཕུན་ཚོགས་སོགས་བསྟེན་ནས་གསན་བསམ་སློབ་གཉེར་ཚུལ་བཞིན་གནང་། ཕྱི་ལོ་ ༡༩༥༩ ལོར་འཕགས་ཡུལ་དུ་ཕེབས་ཏེ་སྦག་ས་ཆོས་སྒར་ནས་གསན་བསམ་སློབ་གཉེར་གྱི་འཕྲོས་མུ་མཐུད་དུ་བསྐྱངས། ཕྱི་ལོ་ ༡༩༧༧ ལོ་ནས་ལོ་ངོ་བདུན་རིང་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་ཆེན་མོའི་རྒྱུགས་ཁོངས་སུ་ཞུགས་ཏེ། ལྷ་རམས་ཨང་དང་པོའི་མཚན་གནས་བཞེས། ཕྱི་ལོ་ ༡༩༨༢ ལོར་ཆོ་འཕྲུལ་སྨོན་ལམ་ཆེན་པོར་གྲྭ་སྐོར་དང་། དེའི་ཕྱི་ལོར་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་གསང་སྔགས་རྒྱུད་སྡེའི་གཞུང་ལ་ཐུགས་གཉེར་དུ་བྱོན། ཕྱི་ལོ་ ༡༩༩༠ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་འབྲེལ་བཞིན་སྟོད་རྒྱུད་བླ་མ་དབུ་མཛད་ཀྱི་མཛད་ཁུར་ལོ་ངོ་གསུམ་ལ་བཞེས་ཏེ། ཕྱི་ལོ་ ༡༩༩༣ ལོར་སྟོད་རྒྱུད་གྲྭ་ཚང་གི་མཁན་པོར་ཕེབས། ཕྱི་ལོ་ ༢༠༠༣ ལོར་ཤར་པ་ཆོས་རྗེའི་མཚན་གནས་གསོལ་བསྩལ་གནང་བ་ནས་བཟུང་ལོ་ངོ་བཅུ་གསུམ་རིང་ཤར་པ་ཆོས་རྗེའི་མཛད་འགན་བདག་གིར་བཞེས། ཕྱི་ལོ་ ༢༠༡༦ སྟེ་དགུང་གྲངས་གྱ་གཅིག་པ་རབ་བྱུང་བཅུ་བདུན་པའི་མེ་སྤྲེལ་ལོར་དགའ་ལྡན་ཁྲི་རབས་བརྒྱ་དང་གསུམ་པར་ཕེབས་ནས་ཟླ་ངོ་ལྔ་ཙམ་ལས་མ་འདས་པར་ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༤ ཚེས་ ༢༡ ཉིན་སྐུ་ཞི་བར་གཤེགས།