དེ་ཡང་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་ཆོས་ཐོག་དང་པོ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་དཔལ་གྱི་གདན་ས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་འཚོགས་ཀྱི་ཡོད། བོད་ཟླ་ ༡༡ ཚེས་ ༢༤ ཉིན་དགུན་ཆོས་ཆེན་མོའི་བཞུགས་གདིང་རྒྱག་ཅིང་། ཚེས་ ༢༥ ཉིན་བདེ་མཆོག་གི་ཆོ་ག་དང་། རྒྱུད་གཞུང་འཚོགས། ཚེས་ཉེར་དྲུག་དང་ཉེར་བདུན་ལ་ཡངས་པ་ཅན་ཚོགས་ཁང་དུ་མགོན་ཆོས་གཉིས་ཀྱི་བསྐང་གསོ་ཆེན་མོ་དང་འབྲེལ་བའི་གཏོར་རྒྱག། ཚེས་ཉེར་བརྒྱད་ལ་རྗེ་ཉིད་ཀྱིས་མཛད་པའི་རྫོགས་རིམ་རིམ་ལྔ་གསལ་སྒྲོན་འཆད་ཉན་དང་། བརྩི་བཞག་འཛིན་གྲྭ་གོང་མ་གཉིས་ལ་རྫོགས་རིམ་རིམ་ལྔ་གདན་རྫོགས་དང་། འོག་མ་གཉིས་ལ་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་བཅས་དང་། འགྲེལ་པ་ལ་རིམ་ལྔ་གསལ་སྒྲོན་གནང་། ཚེས་ཉེར་དགུ་ཉིན་གསང་འདུས་བདག་བསྐྱེད་དང་། འདིའི་ཉིན་དགའ་ལྡན་གླིང་དུ་རྟེན་གཙོ་ཁག་ལ་མཆོད་མཇལ་དུ་ཕེབས་ཤིང་། རྗེ་རིན་པོ་ཆེའི་གསེར་གདུང་ཁང་དུ་བླ་མཆོད་སོགས་སྨོན་ལམ་གང་རྒྱས་དང་། དམ་ཅན་རྒྱ་མཚོའི་སྐུ་མདུན་དུ་དྲུག་ཅུ་མ་ཕུལ་ནས་འཕྲིན་ལས་བཅོལ་བ་སོགས་གནང་སྲོལ་ཡོད།