དབུ་རུ་སྟོད་ཀྱི་སའི་ཆ་ཆུམ་མདའ་ཞེས་པ་གསང་བདག་མི་ཡི་རྣམ་རོལ་རྒྱུད་ཆེན་ཀུན་དགའ་དོན་གྲུབ་ཀྱི་སྒྲུབ་གནས་ཁྱད་པར་ཅན་དེར་བོད་ཟླ་ ༣ ཚེས་ ༢༢ ཉིན་དཔྱིད་ཆོས་ཆེན་མོའི་ཆོས་ཐོག་གི་བཞུགས་གདིང་རྒྱག །ཚེས་ ༢༣ ཉིན་ཤིང་སློང་དང་། ཚེས་ ༢༥ ལ་བླ་མ་རྒྱུད་མཆོད། ཚེས་ ༢༧ ཉིན་འགྲེལ་པ་བཞི་སྦྲགས་འཆད་ཉན་གྱི་དབུ་འཛུགས། དེའི་སྐབས་ཀྱི་བརྩི་བཞག་འཛིན་གྲྭ་གོང་མ་གཉིས་ལ་རྗེ་བཙུན་ཀུན་དགའ་དོན་གྲུབ་ཀྱིས་མཛད་པའི་རྒྱུད་ཀྱི་ཊཱིཀྐ་དང་། གསུམ་པ་ལ་རྫོགས་རིམ། བཞི་པ་ལ་བསྐྱེད་རིམ་བཅས་གནང་སྲོལ་ཡོད། བོད་ཟླ་ ༤ ཚེས་ ༧ ནས་ཉིན་གསུམ་བསྐང་གསོ་ཆེན་མོ་དང་གཏོར་རྒྱག །བོད་ཟླ་བཞི་པ་སྟེ་ས་ག་ཟླ་བའི་ཚེས་ ༡༥ ཉིན་གསང་འདུས་དབང་ཆོག་དང་གསོ་སྦྱོང་ཆེན་མོ་འཚོགས། གསོ་སྦྱོང་གྲུབ་འཕྲལ་རྗེ་བཙུན་ཀུན་དགའ་དོན་གྲུབ་ཀྱིས་རྟེན་སྐལ་དུ་བཞེས་པའི་ཐུབ་དབང་ཚུལ་ཁྲིམས་མ་མཁན་རིན་པོ་ཆེའི་ཕྱག་ཏུ་བསྣམས་ཏེ་གྲྭ་མང་ནས་མཇལ་ཁ་ཞུ། ཚེས་ ༢༨ ཉིན་ཆོས་མཚམས་བཏང་ནས་ལ་མོར་ཕེབས།
དབུས་སྟོད་བྱེ་རི་སྟག་རྩེ་རྫོང་ནི། ད་ལྟ་ལྷ་ས་ས་ཁུལ་གྱི་སྟག་རྩེ་རྫོང་ཞོགས་ཤང་སྟག་རྩེའི་རི་སྣའི་སྟེང་དུ་གྱང་གོག་ཆེན་པོ་ཞིག་ཡོད་པ་དེ་ཡིན་ལ། དེང་སྐབས་དེར་ཞོགས་སྟག་རྩེ་ཞེས་འབོད་ཅིང་། སྔར་སྡེ་སྲིད་ཕག་གྲུའི་སྐབས་དབུས་གཙང་གཉིས་ཀྱི་ས་དགག་ཏུ་རྫོང་ཆེན་བཅུ་གསུམ་བརྩིགས་པར་གྲགས་པའི་གྲས་ཀྱི་བྱེ་རི་སྟག་རྩེ་རྫོང་ཞེས་པ་དེ་ཡིན་ཞིང༌། སྟག་རྩེ་ཞེས་པ་ནི། རི་བོ་སྟག་ལྟ་བུའི་རྩེ་མོར་གནས་པའི་རྫོང་ངམ། རྫོང་བཙན་པོ་སྟག་ལྟ་བུའི་དོན་སོགས་གསུང་སྲོལ་མི་འདྲ་བ་མཆིས། སྔོན་གྱི་སྟག་རྩེ་རྫོང་ནི། ད་ལྟའི་སྟག་རྩེ་རྫོང་གི་ཆུ་ཕར་ཕྱོགས་ཕུན་ཚོགས་གླིང་ཞེས་པར་རྫོང་ཤུལ་ཙམ་ལས་རིག་གསར་སྐབས་གཏོར་བཤིག་གིས་གྱང་གོག་ཙམ་ལས་མིང་གི་ལྷག་མར་གྱུར་ཟིན་ཏོ།།