ཀློག་པ་ཐོས་བསམ་གྱི་འཁོར་ལོ་ཆུམས་མདའ་དཔྱིད་ཆོས་ཆེན་མོ་བོད་ཟླ་ ༣ ཚེས་ ༢༧ ནས་དཔལ་གསང་བ་འདུས་པའི་རྩ་བའི་རྒྱུད་ལེའུ་བཅུ་བདུན་གྱི་བདག་ཉིད་ཅན་རྒྱུད་ཕྱི་མ་དང་བཅས་པ། དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་སྒྲོན་མ་གསལ་བར་བྱེད་པའི་རྒྱ་ཆེར་བཤད་པ། རྗེ་ཙོང་ཁ་པས་མཛད་པའི་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྩ་བའི་རྒྱུད་སྒྲོན་མ་རབ་ཏུ་གསལ་བར་བྱེད་པའི་རྒྱ་ཆེར་བཤད་པས་འཆད་པའི་ས་བཅད་བསྡུས་དོན། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྒྱ་ཆེར་བཤད་པ་སྒྲོན་མ་གསལ་བའི་ཚིག་དོན་ཇི་བཞིན་འབྱེད་པའི་མཆན་གྱི་ཡང་འགྲེལ། དཔལ་གསང་བ་འདུས་པའི་དཀའ་བའི་གནད་ཀྱི་མཐའ་དཔྱོད་རིན་པོ་ཆེའི་མྱུ་གུ་བཅས་གནང་།
འགྲེལ་བ་གནང་བའི་རིང་སྔ་དྲོར་བརྩི་བཞག་འཛིན་གྲྭ་བཞི་རེར་གནང། བརྩི་བཞག་སྐྱོར་མཁན་ཡང་འཛིན་གྲྭ་དང་པོར་ཁ་གཏད་དགེ་བཤེས་དང་། དེའི་འོག་དགེ་ཚུལ་རྒན་པ་གསུམ་གྱིས་སྐྱོར། དེ་ཡང་འཛིན་གྲྭ་དང་པོ་གཉིས་ལ་《རྒྱུད་ཀྱི་ཊཱིཀྐ་》རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྩ་བའི་རྒྱུད་ལེའུ་བཅུ་བདུན་གྱི་བདག་ཉིད་ཅན་གྱི་རྩ་འགྲེལ་གྱི་ཚིག་དོན་གསལ་བར་འཆད་པའི་མན་ངག་རིམ་པ་གཉིས་ཀྱི་དངོས་གྲུབ་ཀྱི་གཏེར་མཛོད། གསུམ་པ་ལ་མདོ་སྔགས་རབ་འབྱམས་པ་པཎ་ཆེན་བསོད་ནམས་གྲགས་པ་དཔལ་བཟང་པོ་མཆོག་གིས་མཛད་པའི་དཔལ་གསང་བ་འདུས་པའི་རྫོགས་རིམ་ཐར་ལམ་སྒྲོན་མེ་མཁས་པའི་ཡིད་འཕྲོག །
བཞི་པ་ལ་མདོ་སྔགས་རབ་འབྱམས་པ་པཎ་ཆེན་བསོད་ནམས་གྲགས་པ་དཔལ་བཟང་པོ་མཆོག་གིས་མཛད་པའི་དཔལ་གསང་བ་འདུས་པའི་བསྐྱེད་རིམ་གྱི་རྣམ་གཞག་མཁས་པའི་ཡིད་འཕྲོག་བཅས་གནང་།
བོད་ཟླ་༡༡ ཚེས་ ༢༨ ནས་སྤོང་བ་བསམ་གཏན་གྱི་འཁོར་ལོ་དགའ་ལྡན་དགུན་ཆོས་ཆེན་མོའི་རིང་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་དཔལ་བཟང་པོ་མཆོག་གིས་མཛད་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་མན་ངག་རིམ་པ་ལྔ་རབ་ཏུ་གསལ་བའི་སྒྲོན་མེ། བརྩི་བཞག་འཛིན་གྲྭ་གོང་མ་གཉིས་ལ་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་དཔལ་བཟང་པོ་མཆོག་གིས་མཛད་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྫོགས་རིམ་རིམ་ལྔ་གདན་རྫོགས་ཀྱི་དམར་ཁྲིད། འོག་མ་གཉིས་ལ་མཁས་གྲུབ་དགེ་ལེགས་དཔལ་བཟང་པོ་མཆོག་གིས་མཛད་པའི་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ། མཁན་རིན་པོ་ཆེས་བརྩི་བཞག་ཚར་གསུམ་སྐྱོར་དགོས་ལ་ཐེངས་དང་པོ་གཉིས་ལ་དབུ་ཞྭ་བཞེས་ནས་སྐྱོར་བ་དང་། ཚར་གསུམ་པ་ལ་དབུ་ཞྭ་ཕུད་དེ་འགྲེལ་བཤད་གནང་བ་ཕྱག་བཞེས་སུ་ཡོད། འཛིན་གྲྭ་དང་པོ་རྣམས་ཆོས་རའི་ལོགས་ཤིག་ལ་ཚང་མ་ཙོག་པུར་བཞུགས་ནས་སྐྱོར་དཔོན་གྱིས་སླར་ཡང་ཚར་གཅིག་སྐྱོར་དགོས། འཛིན་གྲྭ་འོག་མ་ཡང་དེ་བཞིན་ཡིན། བརྩི་བཞག་གནང་བའི་རིང་ལོ་དགུའི་མན་ཆད་རྒྱུན་ལྡན་ཚོགས་ལ་ཡོད་རིགས་རྣམས་ཀྱིས། ཆོས་རའི་ཉེ་འདབས་གཡས་གཡོན་གང་འོས་སུ་ཤོག་ཀ་ལི་ཁ་ཕྱེ་ནས་ཕྱག་དཔེ་གཟིགས་ནས་བཞུགས་རྒྱུ་ལས་སྐད་ཅོར་རྒྱག་པ་སོགས་མི་ཆོག
བྱ་བ་ལས་ཀྱི་འཁོར་ལོ་བྲག་ཡེར་པའི་དབྱར་ཆོས་ཆེན་མོའི་འཆད་ཉན་གྱི་འཚོག་དུས་ནི་ཚེས་༡༧ ནས་ ༢༦ བར་དང་། འཆད་ཉན་གྱི་གཞུང་ནི། བཅོམ་ལྡན་འདས་འཁོར་ལོ་སྡོམ་པའི་བསྡུས་པའི་རྒྱུད་སྦས་པའི་དོན་ཀུན་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པའི་འཆད་པའི་ས་བཅད་བསྡུས་དོན་དང་། རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པའི་རྩ་རྒྱུད་ལེའུ་ང་གཅིག་པའི་བདག་ཉིད། དཔལ་འཁོར་ལོ་སྡོམ་པའི་རྒྱུད་ཀྱི་འཆད་ཉན་སྐབས་ངེས་པར་དགོས་པ་ལོ་ཙཱ་བ་གཉིས་འདུས་ཀྱི་འགྱུར་ཟུར་དུ་བཀོད་པ། དཔལ་འཁོར་ལོ་སྡོམ་པ་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ་བ་ཞེས་བྱ་བ་བཅས་དང་། བརྩི་བཞག་ནི་འཛིན་གྲྭ་གོང་མ་གཉིས་ལ་རྗེ་བདག་ཉིད་ཆེན་པོས་མཛད་པའི་རྣལ་འབྱོར་གྱི་དབང་ཕྱུག་ལཱུ་ཨི་པའི་ལུགས་ཀྱི་བདེ་མཆོག་རྫོགས་རིམ་རྣལ་འབྱོར་ཆེན་པོའི་ཁྲིད་ཀྱི་རིམ་པ་མདོར་བསྡུས་པ་དང་། འཛིན་གྲྭ་འོག་མ་ལ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག་ལཱུ་ཨི་པའི་ལུགས་ཀྱི་བསྐྱེད་རིམ་བཅས་ཡིན།
བྲག་ཡེར་པའི་མཚམས་ཀྱི་ཁྲིད་ཁང་གི་ཐུན་མོང་མ་ཡིན་པའི་འཆད་ཉན་གྱི་གཞུང་ནི། རྫོགས་རིམ་བཀའ་རྒྱ་མ་གསུམ་སྟེ། ༡ཐང་སག་པ་དངོས་གྲུབ་རྒྱ་མཚོས་མཛད་པའི་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་ཟབ་དོན་རིམ་པ་གཉིས་པའི་ལམ་ལ་འཁྲིད་ཚུལ་ཡོངས་འཛིན་བླ་མའི་གསུང་བཞིན་ཟིན་བྲིས་སུ་བཀོད་པ་དང་། ༢རྗེ་བདག་ཉིད་ཆེན་པོས་མཛད་པའི་རྣལ་འབྱོར་གྱི་དབང་ཕྱུག་ལཱུ་ཨི་པའི་ལུགས་ཀྱི་བདེ་མཆོག་རྫོགས་རིམ་རྣལ་འབྱོར་ཆེན་པོའི་ཁྲིད་ཀྱི་རིམ་པ་མདོར་བསྡུས་པ། ༣དཔལ་གསང་བ་འདུས་པའི་རིམ་པ་ལྔའི་དམར་ཁྲིད་ཐུན་མོང་མ་ཡིན་པ་རྡོ་རྗེ་འཆང་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོའི་ཁྲིད་རྒྱུན་ཟིན་བྲིས་སུ་བཀོད་པ་བཅས་ཡིན།
བོད་ཟླ་ ༡༢ ཚེས་ ༡༤ ཉིན་ར་ཆེ་གཙུག་ལག་ཁང་གི་འཇིགས་བྱེད་ཆོས་ཐོག་དགུན་ཆོས་ཆེན་མོའི་སྐབས་ཀྱི་འཆད་ཉན། གསང་ཆེན་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་ཐུན་མོང་མ་ཡིན་པའི་འཆད་ཉན་ཆོས་སྐོར་དཔལ་རྡོ་རྗེ་འཇིགས་བྱེད་ཁྲོས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཞེས་བྱ་བ།
བརྩི་བཞག་གི་གཞུང་འཛིན་གྲྭ་གོང་མ་གཉིས་ལ་སྒོམ་སྡེ་ནམ་མཁའ་རྒྱལ་མཚན་གྱིས་མཛད་པའི་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་ལམ་རིམ་པ་གཉིས་པའི་དོན་སྨོན་ལམ་གྱི་སྒོ་ནས་འཆད་པའི་གཞུང་གི་ཚིགས་སུ་བཅད་པའི་རྒྱ་ཆེར་བཛད་པ་རིག་འཛིན་ཀུན་དའི་དགའ་སྟོན་ཞེས་བྱ་བ། འཛིན་གྲྭ་འོག་མ་གཉིས་ལ་སྒོམ་སྡེ་ནམ་མཁའ་རྒྱལ་མཚན་གྱིས་མཛད་པའི་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ལམ་རིམ་པ་དང་པོའི་རྣམ་པར་བཤད་པ་རིག་འཛིན་ཀུན་དའི་དགའ་སྟོན་ཞེས་བྱ་བ།